ཀུ་ཤུ་ཆུང་ཡང་ཐོན་འབབ་ལེགས་པ།
སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་གི་ཀུ་ཤུའི་ཐོན་ལས་ཀྱིས་གྲོང་རྡལ་སྟོབས་ཆེར་གཏོང་བར་སྐུལ་ཁྲིད་བྱས་པའི་སྐོར་བཀོད་པ།

འདི་ནི་ཉིང་ཁྲི་ཧྲེང་ཧྲེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་བཟོ་པས་ཀུ་ཤུ་ཐུམ་སྒྲིལ་རྒྱག་བཞིན་པ།
སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་དུ་ཀུ་ཤུ་ཆུང་ཆུང་གིས་ཐོན་ལས་ཆེན་པོ་བཏོད་ནས། འདེབས་འཛུགས་དང་། ལས་སྣོན། དྲ་ཚོང་། རིག་གནས་ཡུལ་སྐོར་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འབྲེལ་མཐུད་ཐུབ་སྟེ། གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཆབ་ནག་ཤང་གིས་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པར་བརྟེན་པ་དང་། རྒྱལ་ཁབ་ཀྱི་ཀུ་ཤུའི་ཐོན་ལས་ལག་རྩལ་མ་ལག་སི་ཁྲོན་ནུབ་རྒྱུད་ས་མཐོའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་འདེགས་སྐྱོར་དུ་བྱས་ཏེ། ཀུ་ཤུ་དམར་པོ་སོགས་སྣ་ཁ་གསར་པ་ནང་འདྲེན་བྱས་ཡོད་པ་རེད།
“ང་ཚོས་ཆུ་ལུད་གཞི་གཅིག་ཅན་དུ་འགྱུར་བ་སོགས་ཀྱི་དེང་རབས་ཀྱི་སྟབས་བསྡུས་ཅན་གྱི་ཕན་ཆེའི་ལག་རྩལ་བཏོད་པ་ཡིན་ཞེས་ཆབ་ནག་ཤང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཀྲང་ཧུང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཤང་གིས་རི་ཁུལ་གྱི་ཞིང་འཕྲུལ་ཆུང་གྲས་ཁྱབ་གདལ་ཤུགས་ཆེན་གཏོང་གི་ཡོད་ཅིང་། དེས་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ལས་རྫས་ལུད་50%དང་། ངལ་རྩོལ་ནུས་ཤུགས་65% ས་ཁྱོན་55%བཅས་གྲོན་ཆུང་ཐུབ་ཀྱི་འདུག་ལ་ཐོན་འབབ་ལྡབ་3ཙམ་ཡང་འཕར་གྱི་འདུག་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཆབ་ནག་ཤང་གིས་མུའུ་2154.14ཡི་ཀུ་ཤུའི་རྟེན་གཞི་གསར་པ་བསྐྲུན་ཡོད་པ་དང་། ཆུ་ལུད་གཞི་གཅིག་ཅན་དང་ཤིང་ཏོག་ཚད་གཞི་མཐོན་པོས་འདེབས་པའི་ལག་རྩལ་ལ་ནན་པོར་གཞིགས་ནས། ཀུ་ཤུའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་པ་རེད།
མིག་སྔར། ཤང་ཡོངས་ཀྱི་ཤིང་འབྲས་ལས་རིགས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.35དང་འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་0.35ཟིན་ཡོད་པ་རེད།
“ང་ཚོས‘ཐོན་ལས་འཁོར་འབྲེལ་རིང་དུ་གཏོང་བ་དང་། ཞན་ཆ་སེལ་བ། སྟོབས་ཆེར་གཏོང་བ”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། ཚོང་ཟོག་གི་ཐོག་མའི་ལས་སྣོན་བྱེད་ཚད་88%ཡན་ཟིན་ཡོད”ཅེས་ཉིང་ཁྲི་ཧྲེང་ཧྲེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་དབྱང་ཁའེ་ཕིང་གིས་ངོ་སྤྲོད་བྱས།
གཞན་ཡང་། ཆབ་ནག་ཤང་གིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་མཁན་སྣེ་འདྲེན་ཁེ་ལས་ཆེ་ཤོས་ཏེ། བོད་ལྗོངས་ཁོ་ཞིན་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད་འཕེལ་རྒྱས་ཀྱང་བཏང་ཞིང་། ཀུང་སི་དེས་ལས་སྣོན་ཞིབ་ཚགས་བྱས་པའི་ཀུ་ཤུའི་རིགས་ཀྱི་ཐོན་རྫས་ལོར་ཐོན་འབོར་ཏུན་5000ཡན་ཟིན་ནས། “ཀུ་ཤུ་དམར་འགྲིལ”ཞེས་པའི་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་ཤིག་ཆགས་ཡོད་པ་རེད།
དཔྱིད་ཀར་མེ་ཏོག་ལ་ལྟ་བ་དང་། དབྱར་ཁར་ཚ་གཡོལ་བྱེད་པ། སྟོན་ཁར་ཤིང་འབྲས་འཐུ་བ། དགུན་ཁར་ཤིང་འབྲས་ཀྱི་་བྲོ་བ་མྱོང་བ་བཅས་བྱེད་ཆོག་པས། ལོ་གཅིག་དུས་བཞིར་མི་རྫོགས་རྒྱུ་མེད་པ་ཡོང་གི་ཡོད། ཡིང་ཧྥུང་ཞིང་འབྲོག་དང་། ཁོ་ཞིན་ཞིང་ལས། ཇིང་ཧྲང་སྐྱེད་ཚལ་སོགས་དེང་རབས་ཀྱི་སྤྲོ་གསེང་ཞིང་ལས་དང་། གྲང་ཕྲེང་མཛོད་འཇུག ཤིང་སོན་མེ་ཏོག་ལྡུམ་ར། མི་རིགས་ལག་ཤེས་བཟོ་རྩལ། ཡུལ་སྐོར་སྤྲོ་གསེང་སོགས་ཐོན་ལས་གཞི་གཅིག་ཏུ་འདུས་པའི་སྣེ་འདྲེན་ཁེ་ལས་སྔ་རྗེས་སུ་དེ་གར་གཞི་ཚུགས་ཡོད་པ་རེད།
དེ་དང་དུས་མཚུངས། སྨན་གླིང་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་ཧོ་མཱ་ཤན་ཧྲེང་གི་ཚོང་ཁང་ཨ་མ་དང་བོད་ཀྱི་ཐོན་སྐྱེད་བྱ་ཡུལ་གྱི་གཞུང་ཕྱོགས་ཚོང་ཁང་ཨ་མ་སོགས་མཁོ་སྤྲོད་འཁོར་འབྲེལ་གྱི་ལས་སྟེགས་ལ་བརྟེན་པས་ཤང་ཡོངས་ཀྱི་ཀུ་ཤུ་ཕྱིར་ཚོང་དང་ཁྱབ་གདལ་གཏོང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།