རང་ལྗོངས་ཀྱིས་ཕྱུགས་རྩྭ་སྣ་ཁ་གསར་པ་འདེམས་གསོ་བྱེད་འགོ་ཚུགས་པ།
གསར་འགོད་པས་ཉེ་ཆར་འཚོགས་པའི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་ཕྱུགས་རྩྭ་སྣ་ཁ་གསར་པ་འདེམས་གསོ་དང་དེ་བཞིན་ལྷན་སྦྱར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག”རྣམ་གྲངས་ཀྱི་འགོ་ཚུགས་ཚོགས་འདུ་དང་2026ལོའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1800བཏང་བ་དང་ལག་བསྟར་དུས་ཡུན་ལོ་གསུམ་ཡིན་ཞིང་། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་སྣེ་ཁྲིད་དེ་མཚོ་སྔོན་སློབ་ཆེན་དང་། སི་ཁྲོན་ཞིང་ལས་སློབ་ཆེན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ལན་ཀྲོའུ་སློབ་ཆེན་སོགས་རྒྱལ་ནང་གི་ལེགས་ཆ་ལྡན་པའི་ཚན་པ་13དང་མཉམ་དུ་འགག་སྒྲོལ་བྱེད་པ་དེ་ཐོག་ནས་རང་ལྗོངས་ཀྱི་རྩྭ་སོན་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
ཕྱུགས་རྩྭ་སྣ་ཁ་གསར་པ་དེ་ནི་ས་བབ་མཐོ་པོ་བཟོད་ཐུབ་པ་དང་། གནམ་གཤིས་སྐམ་ཤས་ཆེ་སར་འཚར་ཐུབ་པ། བ་ཚྭ་ཅན་བཟོད་ཐུབ་པ་བཅས་དང་། ཏན་རླུང་ལེན་ཐུབ་པ་དང་ཐོན་འབབ་མཐོ་པོ་ཡོང་ཐུབ་པར་ཟེར་ཞིང་། རང་ལྗོངས་ཀྱི་ས་བབ་མཐོ་བ་དང་གནམ་གཤིས་ཆ་རྐྱེན་ཞན་པའི་འོག་གི་ཕྱུགས་རྩྭའི་རིགས་ཀྱི་དགོས་མཁོར་གནད་སྨིན་ངང་དམིགས་ཡོད། བོད་ཀྱི་རང་བྱུང་རྩྭ་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་12.01ཟིན་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་སྤུས་ལེགས་རྩྭ་སོན་རང་མཁོ་རང་འདོན་བྱེད་མི་ཐུབ་པས་ནང་འདྲེན་ལ་བརྟེན་དགོས་ཀྱི་ཡོད། དེས་ན་ས་མཐོའི་ཁོར་ཡུག་དང་འཚམ་པའི་རང་ཡུལ་གྱི་རྩྭ་སོན་གསར་པ་འདེབས་གསོ་བྱ་རྒྱུ་དེ་རྩྭ་སོན་ལས་རིགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་ཅིག་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བའི་འགག་རྩའི་འདེགས་སྐྱོར་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།