ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད་བོད་ཀྱིས་2026ལོའི“འགན་འཁྲིའི་ཡི་གེ”བཟོས་པ།
ཉེ་ཆར《2026ལོར་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བྱ་ཐབས་འགའ་ཞིག》(《སྲིད་ཇུས་བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་བཀྲམ་སྟེ། སྤྱི་འབོར་འཕར་སྣོན་དང་། སྤུས་ཚད་མཐོར་གཏོང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་བཅས་ལ་ཁྱབ་པའི་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”གངས་ལྗོངས་ས་མཐོར་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་བྱས་ཡོད།
བྱ་སྤྱོད་ཆེན་པོ་བདུན་ལ་བརྟེན་ནས་འབེན་གཏད་ཤུགས་སྣོན་བརྒྱབ་པ།
རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་7%ཡན་འཕར་བའི་དམིགས་ཚད་ལ་དམིགས་ཏེ་བོད་ཀྱིས་རྫོང་ཁོངས་དཔལ་འབྱོར་མཐོར་འདེགས་དང་། སྲིད་ཇུས་མཁོ་འདོན། གྲུབ་ཆ་ལེགས་སྒྱུར། འབབ་འཕར་ལ་ཁྲིད་སྟོན། འབབ་འཕར་འགག་སྒྲོལ། འབབ་འཕར་ལ་ཤུགས་སྣོན། གཙོ་གནད་ཤང་དང་གྲོང་རྡལ་ལ་རོགས་སྐྱོར་བཅས་ཀྱི་བྱ་སྤྱོད་ཆེན་པོ་བདུན་སྤེལ་བ་རེད།
《སྲིད་ཇུས་བྱ་ཐབས》ནང་། ལྗོངས་ཡོངས་ཀྱི་གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལྷག་ཟིན་པའི་རྫོང(ཆུས་དང་གྲོང་ཁྱེར)10ཡན་ཟིན་པའི་བརྩོན་ལེན་བྱེད་པ་དང་། 2025ལོ་འཁོར་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་7%ལས་དམའ་བའི་རྫོང(ཆུས་དང་གྲོང་ཁྱེར)གི་ལས་ཀའི་འགན་འཁྲི་ནན་པོ་བཟོས་ནས་2026ལོར་འཕར་ཚད་8%ཡས་མས་ཟིན་པའི་འགན་ལེན་བྱེད་པ། རྫོང(ཆུས་དང་གྲོང་ཁྱེར)རིམ་ངོས་ཀྱིས་སྲིད་འཛིན་ཁུལ་ཁོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་དམའ་བའི་ཤང་དང་གྲོང་རྡལ་ལ་དམིགས་ཏེ་ཁྱད་པར་ཅན་དང་རང་སོའི་ཁྱད་ཆོས་ལྡན་པའི་ཡོང་འབབ་འཕར་སྣོན་ཇུས་གཞི་བཟོས་ནས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཀྱི་འགག་སྒོ་ཆེན་པོར་སྔ་ཙམ་སླེབས་པའི་བརྩོན་ལེན་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
“རེ་འདུན་ཞུ་མི་དགོས་པར”བརྟེན་ནས་དམངས་འཚོར་ཕན་པ་བཏགས་པ།
“སྔོན་མ་ལམ་རིན་ཁ་གསབ་རེ་འདུན་ཞུ་བར་ཐེངས་མང་པོ་འགྲོ་དགོས། ད་ཆ་ཆ་རྐྱེན་ཚང་ན་དངུལ་ལམ་སེང་རྩིས་ཁྲའི་ནང་སླེབས་པས། དངོས་གནས་སྟབས་བདེ་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཞིང་པ་ཚེ་རིང་དོན་གྲུབ་ཀྱིས་མྱོང་ཚོར་དེ་ལྟར་བརྗོད་ཅིང་། དེ་ནི་བོད་ཀྱི་སྲིད་ཇུས་ལེགས་གཏོང་དང་ལམ་སྲོལ་ལག་ལེན་བསྟར་བའི་བསྡུས་རིས་ཤིག་རེད།
《སྲིད་ཇུས་བྱ་ཐབས》ནང་། ཞིང་འབྲོག་མང་ཚོགས་ས་ཁོངས་བསྒྲལ་ནས་ལས་ཞུགས་ཀྱི་ལམ་རིན་ཁ་གསབ་སྲིད་ཇུས་ལེགས་སུ་བཏང་ནས་ཁ་གསབ་སྤྲོད་སྐབས“རེ་འདུན་ཞུ་མི་དགོས་པར་ལོངས་སུ་སྤྱོད་ཆོག་པ”དོན་འཁྱོལ་བྱས་ཏེ་སྟབས་བདེ་ཡོང་ཚད་དང་ལག་བསྟར་ཐུབ་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག་ཕ་ཡུལ་དུ་ལོག་པའི་ཞིང་འབྲོག་པར་དམིགས་ནས་སྡེབ་གཅིག་ལ་སྤྲོད་པའི་ལས་གཏོད་ཁ་གསབ་སྲིད་ཇུས་ལེགས་སྒྲིག་དང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
རིམ་གསུམ་མཉམ་འགུལ་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པ།
རང་སྐྱོང་ལྗོངས་ཀྱིས་སྤྱིའི་འགན་འཁྲི་འཁུར་བ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ་བོད་ཀྱིས་རིམ་མཚུངས་མཐུན་སྦྱོར་དང་གོང་འོག་ཤར་བགྲོད་ཀྱི་སྲིད་ཇུས་སྣ་འདུས་གཏོད་པ་དང་། རང་སྐྱོང་ལྗོངས་ཀྱི་རིམ་ངོས་ནས་ཁ་ཕྱོགས་གཏན་འཁེལ་དང་ཚད་གཞི་བཟོ་བ། ས་ཁུལ་དང་གྲོང་ཁྱེར་རིམ་ངོས་ནས་གཞན་འགྱུར་ལ་དམ་འཛིན་དང་ལེ་ལག་ཚང་བར་ཤུགས་སྣོན་རྒྱག་པ། རྫོང་གི་རིམ་ངོས་ནས་ཞབས་ཞུ་ལེགས་སུ་གཏོང་བ་དང་ཐད་ཀར་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཅས་བྱས་ནས་སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”སེལ་རྒྱུ་ཡིན་པ་རེད།
དཔྱད་ཞིབ་སྐུལ་འདེད་ཐད《སྲིད་ཇུས་བྱ་ཐབས》ནང་། འབབ་འཕར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་ས་ཁུལ་དང་ཚན་པར་ལྕག་སྐུལ་དང་འཕེལ་རིམ་འགོར་བར་བརྡ་ཁྱབ་བཏང་ནས་བསྐོང་འདྲི་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་མཐུན་སྦྱོར་ལམ་སྲོལ་གཞུང་དོན་ཁང་གིས་དུས་ཚིགས་ལྟར་བཀོད་གཏོང་བརྡ་ཁྱབ་བཏང་ནས་འཕར་ཚད་རྒྱུན་མཐུད་ཡག་པོ་མེད་པའི་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)ལ་དུས་ཐོག་ཏུ་མིང་སྦྱར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི་ལས་རིགས་སྡེ་ཚན་ཁག་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་མཐུན་སྦྱོར་ལམ་སྲོལ་གཞུང་དོན་ཁང་གིས་སྲིད་ཇུས་ལག་བསྟར་བྱས་འབྲས་ལ་དཔྱད་དཔོག་བྱས་ཏེ་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་མངོན་གསལ་དོད་པའི་སྲིད་ཇུས་དང་བྱ་ཐབས་མུ་མཐུད་ལག་ལེན་བསྟར་རྒྱུ་དང་ཕན་འབྲས་ཡག་པོ་མ་ཐོན་པ་ལེགས་སུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
ས་གནས་ས་ཐོག་གི་ཚོགས་འདུར“འཐབ་ས་དང་པོར་བརྟག་དཔྱད”བྱེད་པ་ནས་སྲིད་ཇུས་ཡིག་ཆ“བརྒྱུད་རིམ་ལྡན་པའི་སྒོ་ནས་འདོན་པའི”བར་དང་། བྱ་སྤྱོད་ཆེན་པོ་བདུན་གྱི“སྤྱི་འབོར་འགག་སྒྲོལ”ནས་སྲིད་ཇུས་ཁག་བཅུའི“སྤུས་ཚད་མཐོར་འདེགས”བར་གངས་ལྗོངས་ས་མཐོས་བྱ་ཐབས་དངོས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཕྱུག་འགྱུར་ཆེད་རྨང་གཞི་བརྟན་པོ་འདིང་བཞིན་ཡོད་པ་རེད།
(《ཚན་རྩལ་ཚགས་པར》ལས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།