དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གཞུང་ལམ་ཤར་གཏོང་ཐུབ། དམངས་སེམས་བདེ་ལ་འཁོད།

    མཛོ་སྒང་རྫོང་ཀྲུང་གླིང་ཤང་ནས་ཁྱུང་ཁ་གྲོང་ཚོ་བར་གྱི་གཞུང་ལམ་ལས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་སུ་ཕྱིན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཀྲུང་གླིང་ཤང་ཁྱུང་ཁ་གྲོང་ཚོའི་ཡུལ་མི་རྡོ་དགས་རང་ཁྱིམ་གྱི་ཟོག་འདྲེན་རླངས་འཁོར་ཆེ་གྲས་དེ་བཏང་ནས་གཞུང་ལམ་དེར་ཐེངས་དང་པོ་འགྲོ་སྐབས་ཀྱི་རྣམ་པ་ད་ཆའང་ཡིད་ལ་གསལ་པོ་ངེས་ཀྱི་ཡོད། དེ་ཡང་སྐབས་དེར་གསར་དུ་བཏིང་བའི་སྣུམ་ནག་ལམ་དུ་རླངས་འཁོར་གཏོང་དུས་ཁོང་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་ངང་གིས་བྱུང་། མ་གཞི་དེ་ཉིན་དར་ཚོན་སྒྲེང་མཁན་དང་འབྲེག་མཁན་མེད་ལ་ཐ་ན་དགའ་བསུ་ཞུ་མཁན་ཡང་མེད། འོན་ཀྱང་སྤྱིར་བཏང་གི་ཉིན་མོ་དེར་སྤྱི་ལེ་32.9ཡོད་པའི་ཀྲུང་གླིང་ཤང་ནས་ཁྱུང་ཁ་གྲོང་ཚོའི་བར་གྱི་གཞུང་ལམ་དེ་ཤར་གཏོང་ཐུབ་ཡོད།

    རྡོ་དགའི་ངོས་ནས་བརྗོད་ན་ཉིན་དེ་ནི་སྤྱིར་བཏང་ཞིག་གཏན་ནས་མིན། འདས་ཟིན་པའི་ལོ་གཉིས་ལྷག་ཙམ་རིང་རྡོ་དགས་རྟག་ཏུ་ལམ་དུམ་དེ་བརྒྱུད་ནས་བྱེ་རྡོ་དང་ཨར་འདམ་དབོར་གྱི་ཡོད། སྐབས་དེ་དུས་དེ་གར་ཐལ་རྡུལ་གྱིས་ཁེངས་པའི་ས་རྡོའི་ལམ་ཞིག་ལས་མེད་པ་དང་། གནམ་དྭངས་དུས་གཟུཌ་པོ་ཡོངས་ཐལ་བས་ཁེངས་ཤིང་ཆར་པ་འབབ་དུས་འདམ་རྫབ་རྐང་པའི་ཉྭ་བར་རྒྱག་གི་ཡོད། ཉེན་ཁ་ཆེས་ཆེ་བའི་ལམ་དུམ་ཞིག་གི་གཞོགས་གཅིག་ནི་རྒྱལ་མོ་རྔུལ་ཆུའི་གཡང་རོང་ཡིན་ཞིང་། ལམ་དུམ་དེར་རླངས་འཁོར་ཕན་ཚུན་ཐུག་དུས་ཞེད་སྣང་ཧ་ཅང་ཆེན་པོ་ཡོད་པ་རེད། ཡིན་ནའང་ད་ཆའི་ངོ་འགྱུར་སྣུམ་ནག་གཞུང་ལམ་དེ་ནི་ངོས་སྙོམས་པ་མེ་ལོང་ལྟ་བུ་ཞིག་ཡོད།

    ལམ་བདེ་པོ་ཆགས་འདུག་ཅེས་པ་ནི་མཛོ་སྒང་རྫོང་ནུབ་རྒྱུད་གྲོག་རོང་ཁུལ་གྱི་མི་རྣམས་ཀྱི་བབ་ཆགས་པའི་གདེང་འཇོག་ཞིག་རེད། མཛོ་སྒང་རྫོང་འདི་ཉིད་མཚོ་བོད་ས་མཐོའི་ཤར་ལྷོའི་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བར་གནས་ཤིང་། རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། གཡུ་ཆུ་བཅས་དེ་ནས་རྒྱུག་གི་ཡོད་པ་དང་། ཆ་སྙོམས་ས་བབ་སྨི་3750ཟིན་གྱི་ཡོད། དེར་རི་མཐོ་ཞིང་གཡང་གཟར་བ་དང་ལུང་ཤུར་མང་པོ་ཡོད།

    འགྱུར་ལྡོག་ནི་2023ལོའི་ཟླ་8པ་ནས་འགྲོ་འགོ་ཚུཌ་ཤིང་། ཉིན་དེར་ཨར་ལས་འཕྲུལ་ཆས་ཁག་དང་པོ་ལས་ཡུལ་དུ་སླེབས་ཤིང་། སྐྲུན་འགན་འཁུར་མཁན་ཚན་པའི་ལག་རྩལ་ཆེ་མོ་བ་ཚོས་འདི་གར་ལམ་བཟོ་བ་དང་ལྗོངས་ཕྱིར་ལམ་བཟོ་བ་གཉིས་གཏན་ནས་མི་འདྲ་བ་གསལ་པོ་རྟོགས། ས་གཤིས་གས་ཆག་གི་ས་རྒྱུད་དུ་ཨར་ལས་བྱེད་པ་ནི་ཏོའུ་ཧྥུའུ་ཐོག་ཏུ་མེ་ཏོག་རྐོ་བ་ལྟར་དཀའ་ལས་ཧ་ཅང་ཆེན་པོ་ཡོད་ཅིང་། ས་བརྐོ་ས་དང་ས་ལེན་ས་བཞི་ཀར་འདམ་ཚབ་རྡོ་ཧྲུག་རྡོ་བརྩིགས་དང་ཆུ་འབུད་ཡུར་བུ་ཇུས་འགོད་ཞིབ་ཚཌ་བྱས་ནས་སྐྱེ་ཁམས་ཉམས་ཞན་གྱི་ས་ཆ་དེར་གཏོར་སྐྱོན་མི་ཕོག་པར་བྱས་ཡོད།

    འོན་ཀྱང་དཀའ་ཚེགས་ཆེ་བའི་ལས་གྲྭ་དེ་སྐྲུན་རིང་། ཏག་ཏག་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་སྔར་བྱུང་མ་མྱོང་བའི་གོ་སྐབས་ཐོབ་ཅིང་། མཛོ་སྒང་རྫོང་གིས་ཆབ་མདོ་གྲོང་ཨུད་ཀྱི“འབབ་འཕར་བྱེད་ཐབས་བཅུ”དོན་འཁྱོལ་ནན་པོ་བྱས་ནས། 2025ལོར་རྣམ་གྲངས་ཀྱི་ལས་འགོ་བསྐྱར་དུ་བཙུཌ་ཚུན། རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ཞིང་འབྲོག་པ་156འཛུགས་སྐྲུན་གྱི་ལས་ཀར་བསྡུས་པ་དང་གླ་ཆ་སྒོར་ཁྲི་31.2སྤྲད་ཡོད། དེ་དང་དུས་མཚུངས་ས་ཆ་དེ་གའི་འཕྲུལ་ཆས་དང་སྒྲིག་ཆས་སྔོན་ལ་འཛུགས་སྐྲུན་དུ་སྤྱད་ཡོད་ཅིང་། རྐོ་འདྲུའི་འཕྲུལ་འཁོར་དང་། ས་བླུག་འཕྲུལ་འཁོར། གཤེར་འདོན་རླངས་འཁོར། སྐྱེལ་འདྲེན་འཕྲུལ་འཁོར་སོགས་སྒྲིག་ཆས་གླས་པར་འགྲོ་གྲོན་སྒོར་ཁྲི་305སྤྲད་པས། “ལམ་གཅིག་བསྐྲུན་ནས་ཡུལ་གཅིག་ལ་སྐུལ་ཁྲིད་བྱེད་པ”མངོན་འགྱུར་བྱུང་ཡོད།

    ད་ཆ་རིམ་བཞིའི་གཞུང་ལམ་དེ་གྲོག་རོང་གི་དབུས་ནས་རིང་དུ་འཐེན་ཡོད་ཅིང་། དེ་ཡང་གཞུང་ལམ་གྱི་ཞེང་ཚད་ལ་སྨི་3.5ཡོད་པས་བྱེས་བགྲོད་རླངས་འཁོར་གཉིས་ཏག་ཏག་གཟུར་ནས་གཏོང་ཆོག་གི་ཡོད། གཞུང་ལམ་མཐུག་ཚད་ལ་དང་ཐོག་མཐུག་ཚད་ལི་སྨི་20ཡོད་པའི་རང་བྱུང་གི་བྱེ་རྡོ་བཏིང་ཡོད་པ་དང་། དེའི་ཐོག་མཐུག་ཚད་ལ་ལི་སྨི་20ཡོད་པའི་ཨར་འདམ་དང་བྱེ་རྡོ་འདྲེས་མ་བཏིང་ཡོད། དེ་ནས་ཡང་དེའི་ཐོག་མཐུག་ཚད་ལ་ལི་སྨི་5ཡོད་པའི་ངོ་འགྱུར་སྣུམ་ནག་རྡོ་འདམ་བཏིང་ཡོད། མཁའ་དབྱིངས་ནས་ལྟ་དུས་གཞུང་ལམ་དེ་ནི་དར་སྐུད་ནག་པོ་ཞིག་དང་འདྲ་བར་རྒྱལ་མོ་རྔུལ་ཆུའི་ངོགས་ནས་རྒྱང་དུ་བསྲིངས་ཡོད་པ་དང་། རི་བོའི་ཚོགས་སུ་ཐར་ཐོར་དུ་གནས་པའི་གྲོང་ཚོ་དག་གཅིག་ཏུ་སྦྲེལ་ཡོད།

    འགྱུར་ལྡོག་ནི་རིམ་བཞིན་འགྲོ་བཞིན་ཡོད་དེ། གཞུང་ལམ་ཤར་གཏོང་ཐུབ་རྗེས། དྲ་ཐོག་ནས་ཉོས་པའི་ཞིང་འཕྲུལ་གྱི་ལྷུ་ལག་རེད་ཅེས་མི་ཞིག་གིས་ཁྱུང་ཁ་གྲོང་ཚོར་མྱུར་སྐྱེལ་བསྐུར་བ་རྡོ་དགས་མཐོང་ཞིང་། གཞུང་ལམ་ཤར་གཏོང་ཐུབ་པས། སྦྲག་སྐྱེལ་རླངས་འཁོར་ཐད་ཀར་གྲོང་ཚོ་ཨུ་ལྷན་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།

    རྒྱུན་བཙུགས་རླངས་འཁོར་ཡོང་བ་དང་། ཉོ་སྒྲུབ་ཚོང་པས་རླངས་འཁོར་བཏང་ནས་རྒུན་འབྲུམ་བསྡུ་བར་ཡོང་བ། ཁྱིམ་གྱི་སྒོ་ཁར་མྱུར་སྐྱོབ་རླངས་འཁོར་གྱིས་ནད་ཚབས་ལྕི་བའི་རྒན་རྒོན་ཐད་ཀར་སྨན་ཁང་དུ་སྐྱེལ་བ་སོགས་ནི་དེ་སྔ་བསམ་ཡུལ་ལས་འདས་པ་ཞིག་རང་རེད། ཡིན་ནའང་། སྤྱིར་བཏང་གི་གཞུང་ལམ་དེས་གྲོང་ཚོའི་གྲོང་མི་ཡོངས་ཀྱི་འཚོ་བར་རིམ་གྱིས་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།