གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་གཙོ་གནད་རྣམ་གྲངས་ལག་བསྟར་མགྱོགས་མྱུར་བྱེད་པ།
འཆར་གཞི་ལེགས་པར་བཀོད། རྒྱང་ལམ་གསར་པར་སྐྱོད།

འདི་ནི་སྐྱིད་གྲོང་རྫོང་རྒྱལ་ལམ་216ལམ་མདོ་ནས་ས་ལེ་ཤང་བར་གྱི་གཞུང་ལམ་ལས་གྲྭའི་ལས་ཡུལ་ཡིན་པ།
དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ནི་ཨར་ལས་དུས་ཚིགས་ཡག་ཤོས་རེད། སྐྱིད་གྲོང་རྫོང་གི་གཙོ་གནད་རྣམ་གྲངས་ཆེ་གྲས་ཁག་ཚ་ཚ་འུར་འུར་ངང་སྤེལ་ནས་དཔྱིད་ཀར་འགོ་ཚུགས་བཀྲ་ཤིས་ཡོང་བར་འབད་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
རྒྱལ་ལམ་216ལམ་རྒྱུད་ཀྱི་སྐྱིད་གྲོང་རྫོང་ནས་ར་སོག་བར་གྱི་གཞུང་ལམ་དུམ་བུའི་ཉམས་གསོའི་འཕྲལ་སྡོམ་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བཅས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་པའི་རྣམ་པས་ཁེངས། ལམ་དུམ་ཁག་གིས་གཏན་ལ་ཕབ་པའི་དམིགས་ཚད་དང་ཞིབ་བསྡུར་ནན་པོ་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་འཆར་གཞི་ལྟར་ལས་དོན་སྤེལ་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཀྱག་ཀྱོག་གི་རི་ལམ་བརྒྱུད་གསར་འགོད་པ་སྐྱིད་གྲོང་རྫོང་རྒྱལ་ལམ་216གི་ལམ་མདོ་ནས་ས་ལེ་ཤང་བར་གྱི་གཞུང་ལམ་གྱི་ལས་ཡུལ་དུ་འབྱོར་སྐབས། སྤྱིའི་རིང་ཚད་ལ་སྤྱི་ལེ་34.5ཡོད་པའི་གཞུང་ལམ་ཐོག་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་འདུག མིག་སྔར་རིམ་རྩིས་བརྒྱབ་ན། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.5ཟིན་པ་དེས་གན་རྒྱའི་དངུལ་འབོར་གྱི་85%བཟུང་ཡོད།
སྐྱིད་གྲོང་རྫོང་གི་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་མཐའ་མཚམས་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་ཡུལ་དུའང་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་ཡོད་པ་དང་། སྒྲིག་ཆས་སྒྲིག་སྦྱོར་དང་། སྔོ་འགྱུར། བགྲོད་ལམ། ས་འོག་རླངས་འཁོར་འཇོག་ས། ས་འོག་སྦུག་དྲ་སོགས་ལྷན་སྦྱར་ལས་གྲྭ་དུས་གཅིག་ཏུ་ལག་ལེན་བསྟར་བཞིན་ཡོད། རྣམ་གྲངས་བསྐྲུན་རྗེས་མཐའ་མཚམས་ཚོང་དོན་ཞབས་ཞུའི་ལྷན་སྦྱར་གྱི་ཞན་ཆ་སེལ་ནས་འགག་སྒོ་སྒྲོལ་བའི་ཞབས་ཞུའི་ནུས་པ་ཆེ་རུ་དང་མཐའ་མཚམས་ཚོང་དོན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་རེད།
“མིག་སྔར་རྣམ་གྲངས་དེའི་རྨང་གཞིའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་དང་འབྲེལ་ཡོད་སྒྲིག་ཆས་གོ་རིམ་ལྡན་པའི་ངང་སྒྲིག་སྦྱོར་བྱེད་བཞིན་ཡོད། ཨར་ལས་བྱ་ཡུལ་གྱི་ལས་མི་ཧོ་ཀྲེན་ཝུན་གྱིས་སེམས་ཤུགས་ཆེན་པོས“ང་ཚོས་ཨར་ལས་དུས་ཚིགས་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་གྲྭའི་སྤུས་ཚད་ནན་དུ་བཏང་ནས་རྣམ་གྲངས་ད་ལོའི་ཟླ་བ་7པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ཏེ་སྤྱོད་འགོ་ཚུགས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་སྐྱིད་གྲོང་རྫོང་གི་དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་2.21བཏང་བའི་རྣམ་གྲངས་དེར་འཆར་འགོད་བྱས་པའི་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་13.71ཟིན་པའི་ནང་ཨར་སྐྲུན་དང་སྒྲིག་སྦྱོར་ལས་གྲྭ་ཚུད་ཡོད། རྣམ་གྲངས་བསྐྲུན་རྗེས་བརྟན་ཞིང་བདེ་འཇགས་ལྡན་པའི་ནུས་རྒྱུ་གྲོན་ཆུང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་མ་ལག་བསྐྲུན་ནས་རྫོང་གྲོང་གི་དགུན་དུས་དྲོད་རླངས་མཁོ་འདོན་གྱི་འགན་ལེན་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་སྐྱིད་གྲོང་རྫོང་གིས་རྣམ་གྲངས་ཁག་67ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་27.22བཏང་བའི་ནང་གཙོ་གནད་རྣམ་གྲངས་ཁག་27ཡོད་པར་ལོ་འཁོར་ནང་མ་དངུལ་སྒོར་དུང་ཕྱུར་9.84གཏོང་རྩིས་ཡོད་པ་དེ་དག་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོར་འགན་ལེན། སྐྱེ་ཁམས་སྲུང་སྐྱོང་སོགས་ལ་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།