དབུ་ཤོག>ཞིང་འབྲོག་གསར་པ།
  • རྫ་ནག་གི་སྒྱུ་རྩལ་མ་ཉམས་རྒྱུན་འཛིན་ཐུབ་པ།

    ​—— བྲག་གཡབ་ཀྱི་རྫ་ནག་ལ་རྒྱུན་འཛིན་དང་གསར་གཏོད་ཁྲོད་ནས་གསོན་ཤུགས་གསར་པ་རྒྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    དཔྱིད་ཟླ་བཞི་པར་བོད་ཤར་རྒྱུད་ཀྱི་ས་མཐོར་གངས་འཁྱགས་རིམ་བཞིན་ཞུ་བ་དང་། རྫ་ཆུའི་འགྲམ་དུ་དཔྱིད་དཔལ་རབ་ཏུ་བཞད། ཟླ་4ཚེས་12ཉིན་གསར་འགོད་པ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་བསྐྱོད་དེ་དུས་རབས་བཅུ་དྲུག་བརྒལ་བའི་གནའ་བོའི་ལག་རྩལ་ཏེ། བྲག་གཡབ་ཀྱི་རྫ་ནག་སྐོར་ལ་བཅར་འདྲི་བྱས་པ་ཡིན།

    བྲག་གཡབ་ཀྱི་རྫ་ནག་གི་ཐུན་མོང་མ་ཡིན་པའི་ཚོན་མདོག་དང་ངོས་འཇམ་པའི་ཁྱད་ཆོས་ནི་བོད་ཤར་ས་མཐོའི་ཐུན་མོང་མ་ཡིན་པའི་ས་མྱགས་དམར་པོ་ལས་བྱུང་བ་ཞིག་རེད། “འདམ་པ་དེའི་ནང་ལྕགས་དང་མེང་སོགས་གཏེར་རྒྱུ་མང་པོ་འདུས་ཡོད་པས། དེ་ནི་རྫ་ནག་གི་ཚོན་མདོག་མངོན་པའི་འགག་རྩ་རེད”ཅེས་རྫ་ནག་ལག་ཤེས་རྒྱུན་འཛིན་པ་མི་རབས་བདུན་པ་ཆོས་གྲུབ་ཀྱིས་གསར་འགོད་པར་བརྗོད། ལག་ཤེས་འདིར་ས་རྒྱུ་འདེམས་པ་ནས་བཟུང་འདམ་པ་གཡོས་པ་དང་། གྲིབ་སྐམ། སྲེག་བཟོ་སོགས་ལས་རིམ་བཅུ་གྲངས་བརྒྱུད་དགོས་ཤིང་། དེ་དག་ལས་ལག་ཤེས་སྒྱུ་རྩལ་པའི་ངང་རྒྱུད་དང་གོ་རྟོགས་ལ་ཚོད་བགམ་བྱེད་ཀྱི་ཡོད། ཆོས་གྲུབ་ཀྱི་བྱང་ཆུབ་པའི་ལག་རྩལ་བརྒྱུད་འདམ་པ་དཀྱུས་མ་ཞིག་དེ་མ་ཉིད་དུ་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་རྫ་ཆས་སྤུས་ལེགས་ཤིག་ཏུ་གྱུར།

    ཆོས་གྲུབ་ཀྱིས་རྒན་ཆོས་འཕེལ་ལགས་ཀྱི་དྲུང་ནས་སྦྱངས་པའི“མན་ངག”དག་བུམ་པ་གང་བྱོའི་ཚུལ་དུ་རང་གི་དགེ་ཕྲུག་རྣམས་ལ་བསླབས་ཤིང་། ཁོང་གིས་བོད་བཟོའི་ཡོ་བྱད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གནའ་ཉམས་དོད་པའི་རྣམ་པ་ཆ་ཚང་སོར་འཇོག་བྱས་པ་མ་ཟད། ད་དུང་དུས་རབས་གསར་པ་དང་བསྟུན་ནས་བློ་ཁོག་ཆེན་པོས་ལེགས་བཅོས་བྱས་པ་སྟེ། སྲོལ་རྒྱུན་གྱི་ནས་རིས་དང་བོད་ཡིག་གི་ཡིག་རྟགས་དེ་དེང་རབས་ཀྱི་མཛེས་དཔྱོད་དང་ཟུང་དུ་སྦྲེལ་ནས་གཞོན་ནུ་ཚོའི་དགའ་ཕྱོགས་དང་དེ་བས་འཚམ་པའི་སྟབས་བདེའི་དཔེ་རིས་ཇུས་འགོད་བྱས་ཤིང་། ཇ་སྣོད་སོགས་བེད་སྤྱོད་ཡོད་པའི་སྣོད་ཆས་གསར་སྤེལ་བྱས་ཏེ་རྫ་ཆས་ནག་པོ་དག“མྱོང་རོལ་སྒྲིག་ཆས”ནས་རྒྱུན་གཏན་གྱི་འཚོ་བའི་ནང་དངོས་སུ་བེད་སྤྱོད་ཐུབ་པ་བྱས་ཡོད།

    “སྲོལ་རྒྱུན་རྙིང་པ”བརྟན་སྲུང་དང“བསམ་ཚུལ་གསར་པར”བསྟུན་མཁས་བྱས་པ་ལས་བྲག་གཡབ་ཀྱི་རྫ་ནག་2019ལོར་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་། 2024ལོར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་རིམ་སྤོར་བྱས་པ་དེ་ཐོག་ནས་སྲུང་སྐྱོང་དང་རྒྱུན་འཛིན་ཚད་ལྡན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    2019ལོར། ཆོས་གྲུབ་ཀྱིས་སྣེ་ཁྲིད་དེ་བྲག་གཡབ་རྫོང་གཏེར་རྒྱུ་དང་རྩི་ཤིང་ཚོན་རྒྱུ་ཚད་ཡོད་ཀུང་སི་བཙུགས་ཤིང་། དེ་ནི་ཁ་ཐོར་དུ་ལུས་པའི་གྲོང་གསེབ་ཀྱི་ལག་རྩལ་དེ་ཐོན་ལས་ཀྱི་སྒུལ་ཤུགས་སུ་གྱུར་ཏེ། ཐོག་མའི་མི་5ཡི་ཚོགས་པ་ནས་ད་ཆའི་ས་གནས་དེ་གའི་མང་ཚོགས་23ཡོད་པའི་བར་ཀུང་སིས“རྩོལ་བསྟུན་ཕོགས་སྤྲོད”བྱེད་ཐབས་སྤྱད་པས་ལས་མིར་ཁྱིམ་གྱི་སྒོ་ཁར་ཡོང་འབབ་བརྟན་པོ་རག་ཡོད།

    ཕ་ཡུལ་དུ་གཞི་ཚུགས་པའི་ལག་ཤེས་པ་དེ་དག་གིས་འདམ་པ་འདེམས་པ་དང་གཡོས་པ་སོགས་ཆེས་རྨང་གཞིར་གྱུར་པའི་ལས་རིམ་ནས་འགོ་བརྩམས་ཏེ་སྦྱངས་པ་དང་། ཟླ་བ་གསུམ་བཞི་ཙམ་ལས་མ་འགོར་བར་རང་གཅིག་པུས་སྟབས་བདེའི་རྫ་ཆས་བཟོ་ཐུབ་ནས་རིམ་བཞིན་ལག་རྩལ་ཁོང་དུ་ཆུད་པར་གྱུར་ཡོད།

    གཞོན་ནུ་དེ་བས་མང་བས་གནའ་བོའི་ལག་རྩལ་དེ་ཤེས་པ་བྱ་ཆེད། ཆོས་གྲུབ་ཀྱིས་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་དང་ལས་རིགས་ལག་རྩལ་སློབ་གྲྭར་བསྐྱོད་དེ་སྤྱི་ཕན་གསོ་སྦྱོང་བྱས་པ་དང་། ཡུལ་དེ་གའི་སློབ་མ་ཚོས་འདམ་པ་དེ་རྫ་ཆས་སྤུས་ལེགས་ཤིག་བཟོ་ཐུབ་སྐབས་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།

    བྲག་གཡབ་ཀྱི་རྫ་ནག་འཕེལ་རྒྱས་བྱུང་བ་དེ་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། མངོན་མིན་རིག་གནས་ཤུལ་བཞག་རེ་ཞུ་བྱེད་རིང་བྲག་གཡབ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཆེད་ལས་མཛུབ་ཁྲིད་བྱས་ཏེ། རྒྱུན་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རམ་འདེགས་དང་སྤེལ་རེས་འགྲེམས་སྟོན་ལས་སྟེགས་བསྐྲུན་ཡོད། འབྱུང་འགྱུར་བྲག་གཡབ་རྫོང་གིས་རྫ་ནག་གི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་རྟེན་གཞི་དང་། འགྲེམས་སྟོན་ཁང་དང་བཟོ་ཁང་བསྐྲུན་ནས“རིག་གནས་འགྲེམས་སྟོན་དང་། མྱོང་རོལ་མཉམ་འགུལ། ཐོན་རྫས་ཕྱིར་ཚོང”བཅས་ཟུང་དུ་འབྲེལ་བའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱ་རྒྱུ་རེད།

    (2026ལོའི་ཟླ་4ཚེས་14ཉིན་གྱི《ཚན་རྩལ་ཉིན་རེའི་ཚགས་པར》གྱི་པར་ངོས་3པ་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།