དབུ་ཤོག>ཞིང་འབྲོག་གསར་པ།
  • ཇ་ལོའི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དམངས་ལ་ཕན་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    2017ལོའི་གོང་དུ་མེ་ཏོག་རྫོང་དགའ་ལྡན་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་ཚོས་གཙོ་བོ་མ་རྨོས་ལོ་ཏོག་དང་བྲ་བོ་སོགས་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་དེ་ཙམ་མང་པོ་མེད། 2017ལོར་ཆེད་ལས་ལག་རྩལ་པའི་མཛུབ་ཁྲིད་འོག་གྲོང་ཚོར་ཇ་ཞིང་གཞི་ཁྱོན་ཆེན་པོས་འདེབས་འགོ་ཚུགས་པ་དང་གྲོང་མི་ཁག་གཅིག་གིས་ད་དུང་ཇ་བཟོ་སྟངས་ཀྱང་ཤེས་པས་ཡོང་འབབ་བརྟན་པོའི་ངང་འཕར་ཡོད། ན་ནིང་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.6ཟིན་པའི་ནང་ཇའི་ཐོན་ལས་ཀྱི་འབྲེལ་ཡོད་ཡོང་འབབ་ཀྱིས་10%ཙམ་བཟུང་ཡོད།

    དགྱེ་གླིང་གྲོང་ཚོ་ནི་མེ་ཏོག་རྫོང་གིས་ཇའི་ཐོན་ལས་འཕེལ་རྒྱས་བཏང་བའི་དཔེ་མཚོན་ཞིག་ཡིན་ཞིང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

    2013ལོར། མེ་ཏོག་རྫོང་གིས་ཇའི་ཐོན་ལས་དེ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སུ་གཏན་འཁེལ་བྱས་པ་དང་འབྲེལ《མེ་ཏོག་རྫོང་གི་ཇ་ལོ་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》ཀྱང་བཟོས་ཡོད། མིག་སྔའི་བར། མེ་ཏོག་རྫོང་ཡོངས་སུ་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་ཤིང་ར་བ་་103བསྐྲུན་པ་དང་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.9ཙམ་ཟིན་ནས་མང་ཚོགས་ཁྲི་གཅིག་ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རྫོང་དེས་ད་དུང་ཇའི་ཐོན་ལས་ཚད་ལྡན་ཅན་གྱི་མ་ལག་བཙུགས་པ་དང་། ཇ་ལོའི་ཁྱབ་ཁོངས་ཀྱི་ཚོགས་པའི་ལག་རྩལ་གསར་པའི་ཚད་གཞི་ཁག་18བཟོས་ཡོད་ལ། ཇ་ལོའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར། རྫོང་ཡོངས་ཀྱི་ཇ་ལོའི་ཁེ་ལས་5ལ་བཟའ་བཅའ་ཐོན་སྐྱེད་ཆོག་འཐུས་ཀྱི་SCཁས་ལེན་དཔང་འདོན་ཐོབ་པ་དང་རྒྱ་ཁྱོན་མུའུ་2500ཟིན་པའི་སྐྱེ་ལྡན་ཇར་ཁས་ལེན་དཔང་འདོན་ཐོབ་ཡོད།

    ད་ཆ་མེ་ཏོག་རྫོང་གི་གང་སར་སྔོ་ཐིང་ཐིང་གི་ཇ་ཞིང་དང་བྲེལ་བརྩོན་ཆེ་བའི་ཇ་ལོ་འཐོག་མཁན་མཐོང་རྒྱུ་ཡོད་ཅིང་། མེ་ཏོག་རྫོང་ཡོངས་སུ་ཇ་ལོ་འཐོག་ཆོག་པའི་ཇ་ཞིང་རྒྱ་ཁྱོན་མུའུ་ཁྲི་1.6ཟིན་ཡོད། 2015ལོར་ཇ་ལོ་ཁག་དང་པོ་བཏོག་ཚུན་རྫོང་ཡོངས་ནས་རིམ་རྩིས་བརྒྱབ་ན་ཇ་ལོ་སོས་པ་རྒྱ་མ་ཁྲི་430.18བཏོག་ཡོད།

    རི་མཐོའི་སྐྱེ་ལྡན་ཇ་ཞིང་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས། མེ་ཏོག་རྫོང་གིས་ཇ་ཞིང་དང་ཡུལ་སྐོར་མཉམ་འདྲེས་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་ཕིའོ་མེའོ་ཇ་ར་དང་སྒོར་སྒོར་ཐང་ཇ་ར་སོགས་དཔེ་མཚོན་དུ་བྱས་པའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པས། ཞིང་ལས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན། ཇའི་བྲོ་བ་མྱོང་བ། ཞིང་ལས་ཐོན་རྫས་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་འཁོར་འབྲེལ་ཧྲིལ་པོའི་ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་ཅིག་གྲུབ་ཡོད། དགའ་ལྡན་ཤང་གི་ཤང་ཀྲང་གཞོན་པ་དང་དགྱེ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཅིག་ལྕོགས་ཡིན་པའི་ཀྲང་ཅིན་ཏིང་གིས། དགྱེ་གླིང་གྲོང་ཚོས་ཕིའོ་མེའོ་ཇ་རར་བརྟེན་ནས། ན་ནིང་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་8.5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། བཟའ་བཏུང་དང་། ཞག་སྡོད། དེ་བཞིན་ཇ་ལོ་སོས་པ་དང་ནགས་ཁྲོད་ཐོན་ཁུངས་སོགས་ཕྱིར་ཚོང་བྱས་པའི་ཡོང་འབབ་སྒོར་ཁྲི་150ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་ཡོན་ཀྲང་ཁྲེན་ཨའེ་ཏུང་གིས་སྔོན་ཆད་མེ་ཏོག་གི་ཇའི་ཐོན་ལས་འཕེལ་རྒྱས་ཐད་ཆེད་མངགས་བརྟག་ཞིབ་བྱེད་མྱོང་ཞིང་། ཁོང་གིས་ཚོད་ལྟའི་རང་བཞིན་གྱི་ཇ་ཞིང་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གྱི་ཐོན་ལས་བར་དང་། སྲོལ་རྒྱུན་གྱི་ཞིང་ལས་ནས་འཁོར་འབྲེལ་ཧྲིལ་པོའི་དེང་རབས་ཅན་གྱི་ཐོན་སྐྱེད་བར། མེ་ཏོག་རྫོང་གི་ཇའི་ཐོན་ལས་འཕེལ་རྒྱས་བཏང་བའི་བརྒྱུད་རིམ་ལས་ས་མཐོའི་ཁྱད་ལྡན་ཞིང་ལས་འདི་ཉིད་ཚན་རིག་དང་མཐུན་པའི་འཆར་འགོད་དང་གཏོང་ཆ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བའི་ཁྲོད་འཕེལ་རྒྱས་ཕྱིན་པའི་ཐབས་ལམ་ལ་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་པ་མ་ཟད། བོད་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱང་མངོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།