གྲོང་ཚོ་28ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་ལྷག་ཙམ་ཟིན་པ།
དཔྱིད་ཀ་ཤར་བ་དང་བསྟུན་ནས་དགའ་སྤྲོ་རབ་ཏུ་འཁོལ་བའི་བགོ་འགྲེམས་ཚོགས་ཆེན་སྒེར་རྩེ་རྫོང་གི་གྲོང་ཚོ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་འཚོགས་པ་རེད། རྫོང་ཡོངས་ཀྱི་2025ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་ས་མཐོའི་འབྲོག་ཁུལ་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
མི་རིང་བའི་གོང་། སྒེར་རྩེ་རྫོང་མ་མིག་ཤང་རྒོད་ཚང་གྲོང་ཚོའི་བགོ་འགྲེམས་ཚོགས་ཆེན་དུས་བཀག་ལྟར་འཚོགས་ཤིང་། ཚོགས་ཆེན་ཐོག་ཞིབ་རྩིས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པ་བརྒྱུད། 2025ལོར་རྒོད་ཚང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་840.94ཟིན་པ་དང་འབྲོག་པ་དུད་ཚང་116ལ་རིམ་རྩིས་བརྒྱབ་ན་བགོ་འགྲེམས་སྒོར་ཁྲི་711.4བརྒྱབ་ཡོད།
བགོ་འགྲེམས་རྒྱག་ཡུལ་དུ་འབྲོག་པ་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་མཉམ་དུ་འཛོམས་ཏེ་ལག་ཏུ་མི་དམངས་ཤོག་སྒོར་གསར་རྐྱང་འཁྱེར་ཡོད། ཡུལ་མི་ཚེ་དབང་ཡང་དེ་གར་ཡོད། ཁོང་གིས་དངུལ་སྨར་དམ་པོར་བསྒྲིལ་ནས་ཨམ་ཕྲག་ནང་བླུགས་རྗེས་ལག་པས་མནན་ཙམ་བྱས་པ་དང་གདོང་ལས་དགའ་བའི་འཛུམ་མདངས་རབ་ཏུ་འཕྱུར།
2019ལོར་གྲོང་ཚོར་མཉམ་སྡེབ་མཉམ་ལས་ཁང་བཙུགས་རྗེས་ཁོང་དང་བུ་སྐྱེལ་འདྲེན་རུ་ཁག་ནང་ཞུགས་ཏེ་ཟོག་འདྲེན་ལས་ཀ་བྱས་པ་དང་ནང་མི་གཞན་དག་རྣམས་ཀྱང་མཉམ་སྡེབ་ཀྱི་ཕྱུགས་རྫི་བ་བྱས་པས་2025ལོར་ནང་མི་ཡོངས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་14ཙམ་ཟིན་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་རེ་བས་ཁེངས་ཡོད།
མ་མིག་ཤང་ཚྭ་མཚོ་གྲོང་ཚོར་དགོད་སྒྲས་ཁེངས་ཤིང་། གྲོང་ཚོ་དེ་ན་ནིང་ཟླ་11པའི་ཟླ་མཇུག་ཏུ་གནས་སྡོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་གསར་པ་བསྐྲུན་ཏེ་ཡུལ་མི་ཚོ་དཀར་ཆ་དོད་ལ་རྒྱ་ཆེ་བའི་ཁང་པ་གསར་པར་གཅིག་རྗེས་གཉིས་མཐུད་ངང་སྤོས་ཡོད། ལོ་དེའི་ལོ་མཇུག་ཏུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སླར་ཡང་འཕར་ནས་སྒོར་ཁྲི་2266.2ཟིན་ཡོད།
འབབ་འཕར་གྱི་དགའ་སྤྲོའི་རྣམ་པ་དེ་རིགས་ནི་དཔེ་མཚོན་རེ་གཉིས་ཙམ་མ་ཡིན་པར་སྒེར་རྩེ་རྫོང་གི་གྲོང་ཚོ་ཚང་མར་མཐོང་རྒྱུ་ཡོད། 2025ལོར། སྒེར་རྩེ་རྫོང་གི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཕྱོགས་མང་པོར་འཕེལ་རྒྱས་ཕྱིན་ནས་རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་28ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.02ཟིན་པ་དང་མང་ཚོགས་ལ་བགོ་འགྲེམས་སྒོར་ཁྲི་7126.85བརྒྱབ་ཡོད།
གཡུར་དུ་ཟ་བའི་གྲུབ་འབྲས་དེ་དག་ནི་སྒེར་རྩེ་རྫོང་གིས་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། སྤྱི་འདོམས་འཆར་འགོད་། གནད་སྨིན་ཤུགས་འདོན་བཅས་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་དང་ཁ་འབྲལ་ཐབས་མེད། སྒེར་རྩེ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ཟླ་བ་བཀྲ་ཤིས་ཀྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་ས་མཐོའི་འབྲོག་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ་དང་འབྲོག་ཁུལ་གྱི་རྨང་གཞི་འཛུགས་སྐྲུན་དང་། སྐྱེ་ཁམས་སླར་གསོ། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ལས་སྟེགས་གཏོད་རོགས་བྱས་ཡོད། ད་དུང་རྫོང་གིས་དམངས་འཚོའི་རྣམ་གྲངས་སྣ་ཚོགས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་ལ་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པར་ཁྲིད་སྟོན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་མཉམ་སྡེབ་ལ་འབབ་འཕར་དང་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་གཙོ་བོར་འགྱུར་བ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། སྒེར་རྩེ་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་རྒྱུ་ནོར་ཕྱོགས་ཡོངས་ནས་དབྱེ་འབྱེད་དང་ཚད་ལྡན་དུ་བཏང་སྟེ་བོགས་མར་གཏོང་ལེན་དང་། མཉམ་ལས་གཉེར་སྐྱོང་། རིན་གོང་ཕབ་ནས་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། བེད་མེད་དུ་ལུས་པའི་རྩྭ་ར་དང་། གཞུང་ཁང་། འཕྲུལ་ཆས་བཅས་འབབ་འཕར་གྱི་མ་རྩར་བསྒྱུར་བ་དང་། དེ་དང་ཆབས་ཅིག རྩྭ་ར་བརྒྱུད་བཤུག་དང་། ཕྱུགས་རིགས་མ་རྐང་ལ་ཕབ་པ། ལེ་ལག་ཚང་བའི་རྩལ་ནུས་གསོ་སྦྱོང་། ལས་གནས་སྦྲེལ་མཐུད་བཅས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཐོན་ལས་བཟོ་པ་དང་ཞབས་ཞུའི་ལས་ཀ་བྱེད་མཁན་ལ་བསྒྱུར་ཏེ་ཕྱོགས་མང་པོའི་ཐད་ནས་མང་ཚོགས་དང་གྲོང་ཚོའི་མཉམ་སྡེབ་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་ཡོད།
སྒེར་རྩེ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྒེར་རྩེ་རྫོང་གིས“འབྲོག་ལས་རྫོང་སྟོབས་ཆེན”གྱི་དམིགས་ཚད་ལ་མུ་མཐུད་དམིགས་ནས་ཁྱད་ལྡན་འབྲོག་ལས་ཀྱི་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། འབྲོག་ཁུལ་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། འབབ་འཕར་གྱི་འཕར་གཞི་དེ་བས་མང་བ་སྐྱེད་སྲིང་བཅས་བྱས་ནས་སྤུས་ཚད་མཐོ་བའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་དེང་རབས་ཅན་གྱི་འབྲོག་ཁུལ་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།