རང་ལྗོངས་ཀྱི་ཐོན་ལས་སྟོབས་ཆེན་གྲོང་རྡལ་གྱི་རྣམ་གྲངས་5ཞིང་ལས་གྲོང་གསེབ་པུའུ་ཡི་དཔྱད་དཔོག་ལོན་པ།
ཉེ་ཆར། ཞིང་ལས་གྲོང་གསེབ་པུས་ཞིང་ལས་ཐོན་ལས་སྟོབས་ཆེན་གྲོང་རྡལ་གྱི་རྣམ་གྲངས་ཀྱི་དཔྱད་དཔོག་ལོན་པའི་མིང་ཐོ(ཁག་བཞི་པ)ཡོངས་བསྒྲགས་བྱས་ཤིང་། རང་ལྗོངས་ཀྱི་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་དང་། སྣེ་གདོང་ཆུས་སྐྱེད་པ་ཤང་དང་སོ་དྲུག་ཤང་། སྣང་རྫོང་སྣང་གྲོང་རྡལ། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བཅས་ཤང་དང་གྲོང་རྡལ་5དཔྱད་དཔོག་ལོན་པས་དེའི་ནང་ཀུ་ཤུ་དང་། སྦྲང་ནོར་བུ། སུར་པན། སྡོང་ཕུང་། འབྲི་གཡག་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་ལྔ་ཚུད་པ་ལས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱིས་ཐོན་ལས་སྟོབས་ཆེན་གྲོང་རྡལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“ཐོན་ལས་མཉམ་འདྲེས་དང་དམངས་ཕྱུག་རྫོང་དར”གྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ། “གྲོང་རྡལ་རེས་ཐོན་ལས་རེར”བརྟེན་ནས་ཞིང་འབྲོག་ལས་ཚད་ལྡན་ཅན་དང་། སྤུས་རྟགས་ཅན། མཉམ་འདྲེས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ད་ཐེངས་དཔྱད་དཔོག་ལོན་པའི་ཐོན་ལས་སྟོབས་ཆེན་གྲོང་རྡལ་ལྔ་པོས“ཁེ་ལས་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་བཙུགས་པས། ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐུབ་པའི་ཁར་ཞིང་འབྲོག་པར་འབབ་འཕར་བྱུང་ནས་གཙོ་ཁྲིད་ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། གཞི་རྒྱུ་གཅིག་སྡུད་ཆེ་བ། ཁྱབ་འགྱེད་སྐུལ་ཁྲིད་ནུས་ལྡན་བཅས་ཀྱི་ཐོན་ལས་མཉམ་འདྲེས་ཀྱི་ཕྱོགས་བསྡུས་རྣམ་པ་ཞིག་གྲུབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཔྱད་དཔོག་ལས་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་མིག་དཔེ་ལྟ་བ་དང་ཁྱབ་གདལ་གཏོང་ཆོག་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་མ་དཔེ་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།