དབུ་ཤོག>ཞིང་འབྲོག་གསར་པ།
  • འབྱོར་ཕྱུག་འཚོ་བའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    འདི་ནི་བྱེད་སྒོ་ཞིག་གི་ཐོག་སྒྲོལ་མ་ལྷ་མོས(གཡོན་གྱི་དང་པོ)ཅཱ་ཅཱ་ཐུག་པ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བཞིན་པ།

    པར་འདི་གཉིས་ནི་ཡུལ་སྐོར་བས་ཅཱ་ཅཱ་ཐུག་པའི་བྲོ་བ་མྱོང་བཞིན་པ།

    པར་ཚང་མ་སྨར་ཁམས་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས།

    “ཅཱ་ཅཱ་ཐུག་པ་མ་བཏུངས་ཚེ་ཚྭ་ཁ་ལྷོར་ཡོང་བ་སྟོང་པ་རེད”ཅེས་པའི་སྐད་ཆ་འདི་ནི་སྨར་ཁམས་ཀྱི་ཚྭ་ཁ་ལྷོའི་མི་རྣམས་ཀྱི་ཁ་རྒྱུན་རེད། ཡུན་བོད་ལམ་ཐིག་དང་ཁྲོན་བོད་ལམ་ཐིག་སྦྲེལ་མཚམས་ཀྱི་སྨར་ཁམས་ཀྱི་ཚྭ་ཁ་ལྷོར་ལོ་ངོ་སྟོང་ཙམ་རྒྱུན་མཐུད་པའི་ཞིམ་ཟས་ཤིག་ཡོད། “ཐུག་པ་འཐུང་ཐེངས་རེར་སྒྲོག་རྩེའི་སྟེང་རྡེའུ་རེ་འཇོག་པའི”དམིགས་བསལ་གྱི་བྱེད་སྟངས་དེ་བོད་ཤར་རྒྱུད་ཀྱི་བཟའ་བཏུང་རིག་གནས་ཀྱི་གསོན་ཉམས་དོད་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། དེ་ཁྱིམ་ཚང་གི་ལྟོ་གོས་འཕྱིད་པའི་ཐུག་པ་ཞིག་ནས་མི་རྣམས་ཀྱིས་ཤིན་ཏུ་དགའ་པོ་བྱེད་པའི་ས་ཁོངས་ཀྱི་མིང་བྱང་ཞིག་ཏུ་གྱུར། དེས་ཡུལ་དེའི་མི་རྣམས་ཀྱི་བརྩེ་བ་དང་འཚོ་ཐབས་མཉམ་དུ་འདྲེས་པ་མ་ཟད། ཡུལ་སྐོར་བ་མང་པོའི་བོད་ཀྱི་རིག་གནས་ཉམས་ལེན་བྱ་ཡུལ་དུའང་གྱུར་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཚྭ་ཁ་ལྷོའི་ཅཱ་ཅཱ་ཐུག་པ་རེད།

    ཞོགས་པ་ཉི་འོད་ཚྭ་ཞིང་དུ་འཕྲོས་ཤིང་། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྒྲོལ་མ་ལྷ་མོས་ཚྭ་ཁ་ལྷོའི་སྒོར་ལྷ་ཚང་ཞིང་དུད་སྤྲོ་སྐྱིད་ཁང་དུ་ཐབ་ཀྱི་མེ་ཁ་གསོ་བ་དང་། ཐུག་སྡོར་ཕག་ཤ་བཙོ་བ། སྒོ་ང་བླུགས་པའི་གྲོ་ཞིབ་བརྫིས་ནས་ཅཱ་ཅཱ་ཐུག་པ་བཟོས་ཏེ་སྐུ་མགྲོན་དང་པོར་ཕེབས་སྒུག་ཞུ་བཞིན་མཆིས། ཉིན་གུང་མཚམས་སུ་ཞིང་དུད་སྤྲོ་སྐྱིད་ཁང་ནང་མི་ཚོགས་ཀྱིས་ཁེངས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོས་སྒྲོག་རྩེའི་མཐའ་བསྐོར་ནས་བསྡད་པ་དང་། མདུན་གྱི་ཕོར་པ་ཆུང་ངུའི་ནང་ཐུག་པ་རྐང་ལྔ་དྲུག་ཙམ་ཡོད། ཡུལ་སྐོར་བ་ཚོས་ཐུག་པ་འཐུངས་ཚར་མ་ཐག་སྦྱིན་བདག་གིས་མ་ལག་བདེ་པོས་ཁོང་ཚོར་ཡང་བསྐྱར་ཐུག་པ་བླུགས་ཀྱི་ཡོད། ཐུག་པ་བཏུང་པའི་ཕོར་པ་མང་དུ་འགྲོ་བ་དང་བསྟུན་ནས་སྒྲོག་རྩེའི་སྟེང་གི་རྡེའུ་མང་དུ་འགྲོ་བ་དང་སྐབས་རེ“ཡང་བསྐྱར་ཕོར་པ་གང”ཞེས་ལབ་སྟེ་སྐུལ་ལྕག་བྱེད་པ་དང་ཡུལ་སྐོར་བ་ཚོས་ཕོར་པ་གྲངས་ཀ་རྒྱག་གིན་དགའ་འབོད་བྱས་ནས་ཐུག་པའི་དྲི་ཞིམ་དང་དགའ་འབོད་གཅིག་ཏུ་འདྲེས་ནས་དགའ་སྤྲོའི་རྣམ་པས་ཁེངས།

    ཅཱ་ཅཱ་ཐུག་པ་ནི་ཡུལ་སྐོར་བས་ཡུན་བོད་ལམ་ཐིག་དང་ཁྲོན་བོད་ལམ་ཐིག་གི་མཛེས་ལྗོངས་མྱོང་རོལ་བྱེད་རིང་ངེས་པར་དུ་བྲོ་བ་མྱོང་དགོས་པའི་ཞིམ་ཟས་ཤིག་ཏུ་གྱུར་ཡོད། ཡུལ་སྐོར་ལས་སྟེགས་ཆེ་གྲས་ཁག་ཏུ་ཅཱ་ཅཱ་ཐུག་པ་བཏུང་པའི་གྲངས་ཀ་བཀོད་པ་མང་པོ་མཐོང་རྒྱུ་ཡོད། 《ལྕེ་ཐོག་གི་ཀྲུང་གོ》སོགས་གྲགས་ཅན་ཞིམ་ཟས་ཀྱི་དངོས་མཚོན་གློག་བརྙན་ཡང་ཡང་བཏོན་པས། བོད་ཀྱི་ཞིམ་ཟས་དེའི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་ཕྱིན་ཡོད། དེས“ངེས་པར་དུ་བྲོ་བ་མྱོང་དགོས་པའི་བོད་ཀྱི་ཞིམ་ཟས”ཞེས་པའི་མིང་ལ་བརྟེན་ནས་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་རྣམས་ཆེད་མངགས་ཚྭ་ཁ་ལྷོར་ཡོང་ནས“ཕོར་པ་མཐུད་ནས་འཐུང་བ་དང་རྡེའུ་བརྩིས་ནས་རྩིས་རྒྱག་པའི”ཐུན་མོང་མ་ཡིན་པའི་སྤྲོ་སྣང་ཉམས་ལེན་བྱ་རྒྱུའི་ཡིད་དབང་བཀུག་ཡོད།

    ད་ཆའི་ཅཱ་ཅཱ་ཐུག་པ་དེ་སྔ་ས་ནས་བོད་ཤར་རྒྱུད་ཀྱི་བཟའ་བཏུང་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྨར་ཁམས་རྫོང་གི་ཚྭ་ཁ་ལྷོར(འཇང་མི་རིགས་ཤང)ཅཱ་ཅཱ་ཐུག་པའི་ཟ་ཁང་10ལྷག་ཙམ་ཡོད་པ་དེའི་ནང་སྒྲོལ་མ་ལྷ་མོས་གཉེར་སྐྱོང་བྱེད་པའི་ཚྭ་ཁ་ལྷོའི་སྒོར་ལྷ་ཚང་ཞིང་དུད་སྤྲོ་སྐྱིད་ཁང་དེ་སྐད་གྲགས་ཆེ་ཤོས་ཡིན་པ་དང་། མང་ཤོས་སུ་ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི་1.6ལྷག་ཙམ་ལ་སྣེ་ལེན་ཞུ་བ་དང་ཅཱ་ཅཱ་ཐུག་པ་ཕོར་པ་ཁྲི་30ལྷག་ཙམ་བཙོངས་ཀྱི་ཡོད། དེ་སྔོན་སྲང་ལམ་དུ་ཁྲོམ་བཀྱག་བཏོན་པ་ནས་ད་ཆའི་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་བཙོངས་པའི་བར་དང་། ཁྱིམ་ཚང་གི་ལྟོ་གོས་འཕྱིད་པའི་ལག་ཤེས་ཤིག་ནས་ཕྱུག་འགྱུར་ཐོན་ལས་བར་ཅཱ་ཅཱ་ཐུག་པ་དེ་ལོ་ངོ་སྟོང་ཙམ་གྱི་དུས་ཡུན་ནང་ལུང་པ་ཆུང་ཆུང་གི་སིལ་ཟས་ནས་རྒྱལ་ཡོངས་ཀྱི་རིག་གནས་མིང་བྱང་བར་དུ་འཕོ་འགྱུར་བྱུང་སྟེ་བོད་ཤར་རྒྱུད་ཀྱི་ཆེས་མཚོན་བྱེད་རང་བཞིན་གྱི་ཞིམ་ཟས་མིང་བྱང་གི་གྲས་ཤིག་ཏུ་གྱུར་ཡོད། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཅཱ་ཅཱ་ཐུག་པ་དེ་ཡུལ་དེའི་བརྩེ་སེམས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་པ་མ་ཟད། བོད་ཤར་དང་ཕྱི་ཕྱོགས་སྦྲེལ་མཐུད་བྱེད་པའི་རིག་གནས་ཀྱི་སྦྲེལ་ཟམ་དུའང་གྱུར་ཡོད།

    འགྲན་སློང་རང་བཞིན་ཆེ་བའི“ཅཱ་ཅཱ་ཐུག་པའི་འགྲན་བསྡུར”བྱེད་སྒོར་ཐུག་པ་འཐུང་རིང་སྤྲོ་སྣང་ཆེ་བས་སྐུ་མགྲོན་མི་ཉུང་བ་ཞིག་འགྲན་སློང་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། ཟིན་ཐོ་གཏོད་ཐུབ་མཁན་ལ་ཚེ་གང་རིང་ཐུག་པའི་རིན་པ་གཏན་ནས་སྤྲོད་མི་དགོས་པས་སྐུ་མགྲོན་དེའི་ནང་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་པ་མ་ཟད། དེ་ཁྱབ་གདལ་རང་བཞིན་ཆེ་བའི་བརྗོད་གཞི་ཞིག་ཏུའང་གྱུར་ཡོད། ཅཱ་ཅཱ་ཐུག་པ་ཞིམ་ཟས་ནས་སྐད་གྲགས་ཡོད་པའི་རིག་གནས་ཉམས་ལེན་རྣམ་གྲངས་ཤིག་ཏུ་གྱུར་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་འགྲན་སློང་གི་ཟིན་ཐོ་མཐོ་ཤོས་ནི་ཕོར་པ་147ཡིན་པ་རེད།

    ས་གནས་དེ་གའི་མིའི་ངོས་ནས་བརྗོད་ན། ཅཱ་ཅཱ་ཐུག་པ་དེ་ཉིད་སྔ་ས་ནས་རྒྱུན་གཏན་གྱི་ཐུག་པ་ནས་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་དང་ལྟོ་གོས་ཡག་ཏུ་གཏོང་བའི“ཕྱུག་འགྱུར་གྱི་ཐུག་པར”གྱུར་ཡོད།

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་སྨར་ཁམས་རྫོང་གི“བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ”ཞིག་ཡིན་པའི་སྒྲོལ་མ་ལྷ་མོས་2010ལོར་ཚྭ་ཁ་ལྷོའི་སྒོར་ལྷ་ཚང་ཞིང་དུད་སྤྲོ་སྐྱིད་ཁང་བཙུགས་ནས་ཅཱ་ཅཱ་ཐུག་པའི་བྲོ་བ་ངོ་མ་དང་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་དེ་རིམ་བཞིན་སྐད་གྲགས་ཆོད་ཡོད། 2012ལོར་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོང་གིས“མི་རིགས་ཀྱི་ཁྱད་ལྡན་བཟའ་བཏུང་དང་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ཟུང་འབྲེལ”གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པ་ལས་ཚོང་ཉིན་རེ་ལས་མ་འདས་པར་ཡག་ཏུ་སོང་ཡོད། 2017ལོར་དངུལ་བུན་སྒོར་ཁྲི་300དང་རང་གྲབས་བྱས་པའི་མ་དངུལ་སྒོར་ཁྲི་160བཏང་ནས་ཞིང་དུད་སྤྲོ་སྐྱིད་ཁང་བསྐྲུན་པ་དང་། དེ་ནས་རིམ་བཞིན་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ཀྱི་ཁྱད་ལྡན་བཟའ་བཏུང་ཁང་དུ་རིམ་སྤོར་བྱུང་བས། གཉེར་སྐྱོང་གི་གཞི་ཁྱོན་རྒྱ་ཆེར་ཤུགས་ཆེན་ཕྱིན་ནས་ཉིན་གཅིག་ལ་མང་ཤོས་སུ་ཡུལ་སྐོར་བ་300ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད།

    ད་ཆ་སྒྲོལ་མ་ལྷ་མོའི་སྒོར་ལྷ་ཚང་ཞིང་དུད་སྤྲོ་སྐྱིད་ཁང་གིས་ལོ་གཅིག་ལ་ཡུལ་སྐོར་བ་བགྲང་ལས་འདས་པར་སྣེ་ལེན་བྱེད་ཀྱི་ཡོད། 2017ལོ་ནས་2024ལོའི་བར་ལོ་རེའི་ཡོང་འབབ་སྒོར་ཁྲི་60ཡན་བརྟན་པོ་བྱུང་བ་དང་། དཔལ་འབྱོར་ཡོང་འབབ་མང་དུ་སོང་བ་དེས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཐད་ཀར་ལེགས་སུ་ཕྱིན་ནས་འབབ་འཕར་ཕྱུག་འགྱུར་གྱི་དོན་སྙིང་ངོ་མ་མངོན་འགྱུར་བྱུང་ཡོད།

    དེས་མ་ཚད། སྒྲོལ་མ་ལྷ་མོས་དུས་ཡུན་རིང་པོར་ས་གནས་དེ་གའི་མང་ཚོགས་གླས་ནས་དུད་ཚང་དབུལ་པོ་10ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཏེ་ཁྱིམ་ཚང་དེ་བས་མང་བ་ཐུག་པ་དེར་བརྟེན་ནས་འཚོ་བ་ལེགས་སུ་གཏོང་ཐབས་བྱས་ཡོད།

    སྒྲོལ་མ་ལྷ་མོས་ཅཱ་ཅཱ་ཐུག་པ་གཉེར་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་ཐེངས་མང་ཐོབ་པ་སྟེ། 2016ལོ་འཁོར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ལ་བདམས་པ་དང་། 2023ལོར་རྒྱལ་ཡོངས་ཀྱི་སྐབས་བཅུ་གསུམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིར་བདམས་པ། 2024ལོར་ཚྭ་ཁ་ལྷོའི་སྒོར་ལྷ་ཚང་ཞིང་དུད་སྤྲོ་སྐྱིད་ཁང་དེ་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“བོད་ཀྱི་རྙིང་ཁུངས་མིང་ཅན”ཁག་གཉིས་པར་གཏན་འཁེལ་བྱས་ནས་སྨར་ཁམས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་མིང་བྱང་རྩེ་གྲར་གྱུར་པ། 2025ལོར་སྐབས་དྲུག་པའི་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    “ཅཱ་ཅཱ་ཐུག་པ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཅཱ་ཅཱ་ཐུག་པའི་བྱ་གཞག་དེ་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས་པ་མ་ཟད། སྤུས་རྟགས་ཅན་ལའང་རིམ་སྤོར་བྱེད་དགོས། ཐོན་ལས་ཀྱི་ཞོན་ཐོན་རིན་ཐང་རྒྱུན་མཐུད་ཆེ་རུ་བཏང་ནས་ཅཱ་ཅཱ་ཐུག་པ་རྒྱུན་འཛིན་བྱེད་པ་ནི་འཚོ་བའི་ཆེད་དུ་ཁོ་ན་མིན་པར་མདུན་ལམ་ཆེན་པོ་ལྡན་པའི་རིག་གནས་བྱ་གཞག་ཅིག་ཡིན་པ་དེ་བས་ཤེས་སུ་འཇུག་རྒྱུ་དེ་ཡིན”ཞེས་སྨར་ཁམས་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཡེ་ཚུང་གིས་བཤད།

    ཁྱིམ་ཚང་གི་འཚོ་བ་འཕྱིད་ཐབས་ཀྱི་ཐུག་པ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐུག་པའི་བར་ཚྭ་ཁ་ལྷོའི་ཅཱ་ཅཱ་ཐུག་པའི་ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་རིམ་ནི་སྲོལ་རྒྱུན་རིག་གནས་བརྟན་སྲུང་དང་གསར་གཏོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་ཡིན། དེ་སྲིད་གཞུང་གི་རྒྱབ་སྐྱོར་དང་། རྒྱུན་འཛིན་པའི་བརྟན་སྲུང་། གཞོན་ནུ་དེའི་ནང་ཞུགས་པ་བཅས་ལས་གྲུབ་འབྲས་ཐོབ་པའི་ལམ་བུའི་ཐོག་སྐྱོད་ཐུབ་ཡོད། འབྱུང་འགྱུར“དེང་རབས་ཅན”དང“སྤུས་རྟགས་ཅན”ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་སྦྲགས། ཅཱ་ཅཱ་ཐུག་པ་དེ་བས་ཡངས་པའི་ཁྲོམ་རར་བཏོན་ཏེ་བོད་ཀྱི་ཞིམ་ཟས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་མི་དེ་བས་མང་བས་ཚོར་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།