དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • “ཞིང་པ་མི་གསར”གྱིས་ཞིང་ཞོར་ཐོན་རྫས་འབབ་འཕར་གྱི་ཡོང་ཁུངས་ལ་བསྒྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    “འདི་ནི་རྒྱལ་རྩེའི་ནས་རེད། འདི་ནི་ས་སྐྱའི་ལི་གྲོ་རེད། འདི་ནི་དིང་རིའི་སྣམ་བུ་རེད། འདི་ནི་གྲོ་མོའི་ཉ་རེད”ཅེས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་ཐད་གཏོང་རྟེན་གཞིར་ཡུལ་མི་མིག་དམར་མཚམས་གཅོད་ཀྱིས་བརྙན་ཤེལ་བརྒྱུད་རྒྱལ་ཡོངས་ཀྱི་དྲ་གྲོགས་ཚོར་ས་གནས་དེ་གའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་འདུག

    དྲ་སྦྲེལ་གྱི་དྲ་ཐོག་ཚོང་དོན་ལས་ལ་ཞུགས་པ་ནས་བཟུང་། མིག་དམར་མཚམས་གཅོད་ཀྱིས་དྲ་རྒྱའི་སྟོབས་ཤུགས་ལ་ངོས་འཛིན་གསལ་པོ་བྱུང་ཡོད། “ཚོང་ཟོག་མང་པོ་ཞིག་བཏོན་མ་ཐག་ལམ་སེང་བཙོངས་ཚར་གྱི་འདུག”དེ་སྔོན་ཉོ་མཁན་གཙོ་བོ་བོད་ཀྱི་འཛད་སྤྱོད་པ་ཡིན་མོད། ད་ཆ་ལྗོངས་ཕྱིའི་འཛད་སྤྱོད་པ་མང་པོས་ང་ཚོའི་ཐོན་རྫས་ངོ་ཤེས་པ་མ་ཟད་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཚོང་ལམ་ཡང་དེ་བས་ཆེ་རུ་འགྲོ་བཞིན་ཡོད་ཅེས་ཁོང་གིས་དགའ་ཚོར་ངང་བཤད།

    ཉེ་བའི་ལོ་ཤས་རིང་། ཐད་གཏོང་ཟོག་འཚོང་དང་དྲ་ཐོག་ཚོང་ཁང་སོགས་ཕྱིར་འཚོང་བྱེད་སྟངས་གསར་པ་མགྱོགས་མྱུར་ཁྱབ་གདལ་བྱུང་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་ལེགས་ཆའི་ཐོན་ལས་ལ་སྐུལ་སྤེལ་བྱུང་བ་དང་ཁྱད་ལྡན་ཐོན་ལས་ཁག་གཅིག་ཀྱང་དེ་དང་ཆབས་ཅིག་དར་རྒྱས་བྱུང་ཡོད། བོད་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་སྐྱོང་དང་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། འགྲིམ་འགྲུལ་དྲ་རྒྱ་རྒྱུན་མཐུད་ངང་སྣུར་སྲིང་བྱུང་བ་དང་འཕྲིན་གཏོང་བརྡ་རྟགས་ཁྱབ་རྒྱ་དེ་བས་ཆེ་རུ་སོང་ཞིང་། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་དུའང་མྱུར་སྐྱེལ་ཞབས་ཞུ་སྟབས་བདེ་དང་དྲ་རྒྱའི་འབྲེལ་མཐུད་བརྟན་པོ་ལོངས་སུ་སྤྱོད་ཐུབ་ནས་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།

    འོན་ཀྱང་བོད་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཐད་སྔོན་ཐོན་གྱི་འདུ་ཤེས་དང་རྩལ་ནུས་ལྡན་པའི་ཆེད་ལས་ཤེས་ལྡན་པ་བལྟོས་བཅས་ཀྱིས་དཀོན་པ་དང་། ཐོན་སྐྱེད་ལས་སྣོན་ནས་གཉེར་སྐྱོང་ཕྱིར་འཚོང་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ཤེས་ལྡན་པའི་འདེགས་སྐྱོར་ཞན་པོ་ཡོད། དཀའ་གནད་དེ་སེལ་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས། “དྲ་ཐོག་ལས་སྟེགས་དང་དྲ་ཕྱིའི་དངོས་སྦྱོང”ཟུང་དུ་འབྲེལ་བའི་སྐུལ་འདེད་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། ས་མཐོའི་ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད།

    དྲ་ཐོག་ཏུ་བོད་ཀྱིས“PC+APP+དོ་དམ་རྒྱབ་སྟེགས”གཞི་གཅིག་ཏུ་འདུས་པའི་དྲ་ཐོག་ཚོང་དོན་གསོ་སྦྱོང་ཞབས་ཞུའི་ལས་སྟེགས་བསྐྲུན་ནས། རྒྱལ་ནང་གི་དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་སྲིད་ཇུས་གསལ་འགྲེལ་དང་། གཉེར་སྐྱོང་དངོས་སྦྱོང་། སྤུས་རྟགས་ཚོང་གཉེར་སོགས་ཀྱི་སློབ་ཚན་ཚུད་པའི“སྤྲིན་སྣེའི་ཤེས་བྱའི་བང་མཛོད”བཏོད་པ་རེད།

    དྲ་ཕྱིར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རྣམ་གྲངས་སྐྲུན་འགན་འཁུར་མཁན་ཚན་པ་སྒྲིག་འཛུགས་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ཟབ་སྐྱོད་བྱས་ཏེ་མངགས་ཐོ་རྣམ་པའི་གནད་སྨིན་གསོ་སྦྱོང་བྱས་པ་སྟེ། འགོ་ཁྲིད་ལས་བྱེད་པར་ཕྱོགས་ནས“གྲངས་འཛིན་དཔལ་འབྱོར་དང་ཐོན་ལས་བཅོས་སྐྱོང”གི་ཆེད་དོན་འཛིན་གྲྭ་བཙུགས་ནས་སྲིད་ཇུས་གཞན་སྒྱུར་གྱི་ནུས་པ་ཆེ་རུ་བཏང་བ་དང་། མཉམ་ལས་ཁང་གི་གཉེར་སྐྱོང་པར“ཐད་གཏོང་ཟོག་འཚོང+མཁོ་སྤྲོད་འཁོར་འབྲེལ་དོ་དམ”གྱི་ལག་ལེན་སློབ་ཚན་ཇུས་འགོད་བྱས་ནས་ཚགས་ཤ་དང་ནས་ཀྱི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་པ། ཕ་ཡུལ་དུ་ལོག་པའི་གཞོན་ནུ་ཚོར“དྲ་ཐོག་ཚོང་དོན་ལས་གཏོད་སྐྱོང་སྤེལ་སྒར་ས”བཙུགས་ནས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱས་ཡོད།

    “གསོ་སྦྱོང་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཐོན་རྫས་ཚད་ལྡན་ཅན་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ནས་ཐར་ཐོར་གྱི་ཁྱད་ལྡན་ཐོན་རྫས་ཐད་གཏོང་ཁང་བརྒྱུད་རྒྱལ་ཡོངས་སུ་ཁྱབ་སྟེ་ཕྱིར་ཚོང་བྱེད་ཚད་ལྡབ་འཕར་བྱུང་ཡོད”ཅེས་བོད་ལྗོངས་ངོ་མཚར་མི་ཚེ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་གསར་འགོད་པར་བཤད།

    ད་ཆ་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་ཡོད་པའི་ཞིང་ཞོར་ཐོན་རྫས་དེ་དྲ་ཐོག་ཚོང་དོན་གྱི་ཐབས་ལམ་ལ་བརྟེན་ནས་འབབ་འཕར་གྱི་ཡོང་ཁུངས་ལ་གྱུར་པ་དང་། དྲ་ཐོག་ཚོང་དོན་གཉེར་སྐྱོང་གི་རྩལ་ནུས་ཁོང་དུ་ཆུད་པའི“ཞིང་པ་མི་གསར”རྣམས་ཁྲོམ་ར་དང་ཞིང་ནང་མུ་ཁ་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་གསར་པར་གྱུར་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།