དབུ་ཤོག>ཞིང་འབྲོག་གསར་པ།
  • ཡུལ་ལྗོངས་མཛེས། མི་རྣམས་ཕྱུག སེམས་པ་མཐུན།

    ——“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-29

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ཁྲི་སྟོང་འདུ་འགོད”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་འཆར་འགོད་ཀྱིས་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཞབས་ཞུའི་སྤུས་ཕན་ཆེ་རུ་གཏོང་བ་དང་། མིའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རོལ་དབྱངས་ས་མཐོར་དཀྲོལ་བཞིན་ཡོད།

    དམངས་འཚོའི་དྲ་བ་ཚགས་དམ་དུ་བཏང་ནས་གྲོང་གསེབ་ཀྱི་འཚོ་བར་འགན་ལེན་བྱས་པ།

    ལྷུན་གྲུབ་རྫོང་ངར་ནང་ཤང་འབུར་སྒང་གྲོང་ཚོར་སྐྱོད་སྐབས་གྲོང་མི་ཆུང་སྐྱིད་ཀྱི་སྡོད་ཁང་གསར་པའི་ནང་དགོད་སྒྲ་ལྷང་ལྷང་དུ་གྲགས། དེ་གོང་ཁོང་གི་སྡོད་ཁང་ལ་གཏོར་སྐྱོན་ཕོག་པ་དང་ཏང་དང་སྲིད་གཞུང་གི་རོགས་རམ་འོག་མགྱོགས་མྱུར་བོད་བཟོའི་སྡོད་ཁང་གསར་པ་བརྒྱབ་པ་རེད། “སྡོད་ཁང་གསར་པར་སྤོས་རྗེས་ངས་ཇ་ཁང་དང་ཚོང་ཁང་བཙུགས་པས་ཚོང་ཧ་ཅང་ཡག་པོ་འདུག”ཅེས་ཆུང་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་བཤད། ཁོ་མོའི་རྒྱབ་ཀྱི་ཚོང་སྒྲོམ་ཐོག་ཚོང་ཟོག་སྣ་ཚོགས་བསྒྲིགས་ཡོད་པ་དང་གྲོང་མི་རྣམས་དེ་གར་འཛོམས་ནས་ཇ་འཐུང་ཞོར་དུ་འདི་ལོའི་འདུན་པ་གསར་པ་གླེང་བཞིན་ཡོད་པ་རེད།

    འབུར་སྒང་གྲོང་ཚོའི་འཕོ་འགྱུར་ནི་ལྷ་ས་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷ་ས་གྲོང་ཁྱེར་གྱིས་སྔོན་ལ་འཆར་འགོད་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོ་205ཡི“འཆར་མང་གཅིག་སྒྲིལ”གྱི་སྤྱོད་གོ་ཆོད་པའི་འཆར་འགོད་སྒྲིག་བཟོ་ལེགས་སྒྲུབ་བྱས་པ་རེད། མང་ཚོགས་ཕྱིར་སྐྱོད་པའི“མཐའ་མའི་འགག་གནད”སེལ་ཆེད། གྲོང་ཁྱེར་ཡོངས་ཀྱིས་རང་བྱུང་གྲོང་ཚོར(ཚོགས་ཆུང)ལམ་བུ་ཤར་གཏོང་རྣམ་གྲངས་ཁག་21ལག་བསྟར་བྱས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ལམ་ཐག་སྤྱི་ལེ་5440ལྷག་ཙམ་ཟིན་པ། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཚད་དང་དེ་བཞིན་འགྲུལ་སྐྱེལ་ཁྱབ་ཚད་སྤྱིར་ན་100%ཟིན་ཡོད་པ་རེད།

    གྲངས་གཞིས་འགྱུར་ལྡོག་གི་དཔང་པོ་བྱས་ཤིང་། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཆུ་མཁོ་འདོན་རྣམ་གྲངས་ཁག་97བསྐྲུན་པ་དང་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་75.29%ཟིན་ནས་མི་ཁྲི་13.7ལ་ཕན་པ་ཐོབ་ཡོད། དུད་ཚང་1806གི་སྡོད་ཁང་སྒྱུར་བཀོད་བྱས་པ་དང་དུད་ཚང་ཁྲི་9.2ལ་ཞིང་འབྲོག་པའི་སྡོད་ཁང་གི་བདེ་འཇགས་གྲལ་བཤེར་བྱས་པས་ཞིང་འབྲོག་པ་དེ་བས་མང་བ་ཆུང་སྐྱིད་དང་འདྲ་བར་བློ་བདེའི་ཁང་པའི་ནང་སྤོས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

    སྐྱིད་སྣང་ཆེ་རུ་བཏང་ནས་སྤྱི་པའི་ཞབས་ཞུས་མི་སེམས་དྲོས་པ།

    འདམ་གཞུང་རྫོང་རྒྱས་དར་ཤང་རྒྱ་རྡོ་གྲོང་ཚོར་དེ་སྔ་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་ཡིན་པ་དང་ཆུ་ཚན་གྱི་ཐོན་ཁུངས་ཡོད་ཀྱང་འཕེལ་རྒྱས་གཏོང་མ་ཐུབ་པའི་དཀའ་ངལ་དེ་ད་ཆ་རྦད་དེ་བསལ་ཡོད། ཀྲུང་གོ་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་དེ་གར་འབྱོར་རྗེས་ཆུ་ཚན་རྣམ་གྲངས་སྒྱུར་བཀོད་བྱས་པ་བརྒྱུད་ཚད་ལྡན་ཅན་གྱི་ཆུ་རྐྱལ་རྫིང་བུ་བསྐྲུན་པ་མ་ཟད། ད་དུང་གློག་གསོག་ཡོ་བྱད་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་མང་དུ་བཏང་ཡོད། དེ་སྔའི“འཕེལ་རྒྱས་གཏོང་མ་ཐུབ་པའི་ཐོན་ཁུངས”དེ“སྒུལ་བྱེད་འཕྲུལ་འཁོར་ཡག་ཤོས”སུ་གྱུར་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་2ཡང་ཟིན་མེད་པ་ནས་སྒོར་ཁྲི་90ལྷག་ཙམ་བར་འཕར་ཏེ་གྲོང་མི་30ལྷག་ཙམ་སྒོ་འགྲམ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།

    མལ་གྲོ་གུང་དཀར་རྫོང་དུ་གང་སར་ཚན་རྩལ་རྣམ་པས་ཁེངས་ཞིང་། རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་མཉམ་འགུལ་དྲོད་ཁང་ནང་རིག་ནུས་ཁོར་ཡུག་སྙོམས་སྒྲིག་མ་ལག་གིས་འོད་འཕྲོ་དང་ཆུ་གནད་སྨིན་ངང་སྙོམས་སྒྲིག་བྱེད་བཞིན་ཡོད། “གླིང་ཁུལ་དང་། ཁེ་ལས། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན། གྲོང་མི་4745སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    གྲངས་འཛིན་གྱི་མཐུན་རྐྱེན་སྦྱོར་བ་དང་དུས་མཚུངས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའང་སྤུས་འབྲས་ལེགས་གཉེར་བྱུང་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ཁྱིམ་ཚང་སྨན་པའི་ཚོགས་པ་314ཡོད་པ་དང་ཁོང་ཚོས་རི་གྲོང་དབར་སྐོར་སྐྱོད་སྨན་བཅོས་བྱས་ནས་མི་སྟོང་རེར་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་3.4ཟིན་གྱི་ཡོད། སློབ་གསོའི་ཐོན་ཁུངས་མུ་མཐུད་ལེགས་སུ་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་ཁྱེར་ཡོངས་ཀྱིས་སློབ་གྲྭ་གསར་སྐྲུན་དང་རྒྱས་བསྐྲུན་བསྐྱར་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་11བཏང་བ་དང་། སློབ་གནས་5830མང་དུ་བཏང་བ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་དང་། འོས་འགན་སློབ་གསོའི་བརྟན་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་སྤྱིར་ན་བཅུ་ཆ་དགུ་ལྷག་ཙམ་ཟིན་ཡོད་པ་རེད།

    “གྲོང་གསེབ་ཀྱི་ཉམས་འགྱུར”བསྐྱར་དུ་གཏོད་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་རྣམ་པ་གསར་པ་མངོན་པ།

    ཆུ་ཤུར་རྫོང་ལྗང་གྲོང་ཚོར་སླེབས་སྐབས་དེ་གར་དེང་རབས་ཅན་གྱི་དྲོད་ཁང་ཆེ་མོ་ཡོད་པ་མ་ཟད། ད་དུང་ཤང་གྲོང་རིག་གནས་ཀྱི་ངོ་མཚར་རྣམ་པས་ཁེངས་ཡོད། རྒྱལ་ཁབ་རིམ་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་སྟེ། ཤིན་སི་ཤིང་འབྲས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་པ་212ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་པ་དང་། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི“ཆུ་ཤུར་གྱི་ཤི་ཀྭ”རྒྱལ་ཡོངས་ཀྱི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པའི་མིང་གཞུང་ནང་ཚུད་ཡོད། དེ་བས་མི་རྣམས་དགའ་འོས་པ་ཞིག་ལ་གྲོང་ཚོའི་ལྷ་མོ་ཚོགས་པས“གད་སྙིགས་རིགས་དབྱེ”དང“མི་རིགས་མཐུན་སྒྲིལ”སོགས་ནང་དོན་ལས་སྒྲིག་བཟོ་བྱས་པའི་ལྷ་མོ་གསར་པའི་ལེ་ཚན་དེས་ཤེས་དཔལ་གྱི་དར་སྲོལ་གསར་པ་དུད་ཚང་ཚང་མར་ཁྱབ་པར་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་33.1བཏང་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་108བསྐྲུན་པ་དང་ཚ་རགས་གྲོང་ཚོ་སོགས་ཁྱད་ལྡན་དཔེ་མཚོན་ཁག་གཅིག་བཏོད་ཡོད། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་བྱེད་ཚད་94%ཟིན་པ། འཚོ་བའི་གད་སྙིགས་དབོར་འདྲེན་ཕྱོགས་བསྡུས་ཐག་གཅོད་བྱེད་ཚད་95%ལས་བརྒལ་བ། སྒོ་ཕྱུགས་ལྕི་བ་སོགས་བེད་སྤྱོད་བྱེད་ཚད་100%ཟིན་ཡོད་པ་བཅས་རེད།

    དེ་སྔའི་བཙོག་ཟིང་ཞན་གསུམ་གྱི་རྣམ་པ་དེ་ད་ཆ་གཙང་ལ་མཛེས་སྡུག་ལྡན་པར་གྱུར་ནས་ས་མཐོའི་གྲོང་གསེབ་གྱི་རྣམ་པ་མཛེས་པ་མ་ཟད། སྒྲིག་ཆས་ཀྱང་ཕུན་སུམ་ཚོགས་པོ་ཡོད།

    སྒུལ་ནུས་འཕེལ་བར་བྱས་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

    སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་ལོ་མང་རིང་ཐང་ཆེན་རྙིང་པ་དེ་བེད་མེད་དུ་ལུས་པར་བརྟེན་ཚང་མས་གྲོས་བསྡུར་བྱས་པ་བརྒྱུད། སྒྱུར་བཀོད་བྱས་ནས་འཁྲུག་ཆ་དོད་པའི“མི་སེར་གྱི་གར་སྟེགས་ཆེན་པོར”གྱུར་པ་གསར་འགོད་པས་མཐོང་བྱུང་། ཞིང་དལ་དུས་སུ་སླེབས་རིམ་བཞིན་གྲོང་མི་སྒྲོལ་མས་རང་གི་གཅེན་གཅུང་ཚོ་དང་དེ་གར་འཛོམས་ནས་སྒོར་གཞས་འཁྲབ་པ་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་སྡོད་ཀྱི་ཡོད་པས་དེ་གར་དགའ་སྤྲོའི་དགོད་སྒྲས་ཁེངས།

    རྣམ་པ་དེ་ལྟ་བུ་ནི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བའི་ལྷ་སའི་ཞིང་འབྲོག་ཁུལ་དུ་རྟག་ཏུ་མཐོང་རྒྱུ་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་ཆ་སྙོམས་ལོ་37.8ཡིན་པ་དང་བསམ་ཚུལ་ལྡན་པ་དང་འཇོན་ཐང་ཆེ་བའི་གཞོན་ནུ་ཁག་གཅིག་གྲོང་གསེབ་འཕེལ་རྒྱས་ཀྱི“སྣེ་ཁྲིད་པར”གྱུར་ཡོད། གྲོང་ཁྱེར་ཡོངས་སུ་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་280བཙུགས་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་316བསྐྲུན་ནས“ཤེས་དཔལ་ལྡན་པའི་ཁྱིམ་ཚང”སོགས་དཔྱད་འདེམས་བྱེད་སྒོ་བརྒྱུད། ཤེས་དཔལ་གྱི་དར་སྲོལ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    “ཁོར་ཡུག་མཛེས་པ”ནས“འཚོ་བ་ཡག་པའི”བར་དང་། “ཐོན་ལས་དར་རྒྱས”ནས“མི་སེམས་གཅིག་སྒྲིལ”བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལག་ལེན་ཤུགས་ཆེན་བསྟར་བ་ལས་ལྷ་སའི་གྲོང་གསེབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། རྒྱང་ལམ་གསར་པར་ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་ཀྱི་ལེའུ་གསར་པ་མུ་མཐུད་ཧུར་ཐག་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།