གྲོང་ཚོའི་རྣམ་པ་མཛེས་སེ་མཛེས། ཤང་གྲོང་ཐོན་ལས་དར་སེ་དར།
—— གྲ་ནང་རྫོང་གྲ་ཕྱི་ཤང་ངར་ཤོད་གྲོང་ཚོས་བེད་མེད་ཐོན་ཁུངས་སྤྱད་དེ་མང་ཚོགས་ལ་འབབ་འཕར་གཏོད་པའི་སྐོར་བཀོད་པ།

འདི་ནི་ངར་ཤོད་གྲོང་ཚོའི་རྣམ་པ་ཡིན་པ།
དཔྱིད་ཀྱི་དྲོད་རླུང་ཡར་ཀླུང་གཙང་པོའི་འགྲམ་དུ་ཡང་ཡང་ལྡང་བས་ན། རྩྭ་རྩི་ཤིང་གི་འདབ་མས་གཉིད་ལས་སད་པ་ལྟར་རྐྱོང་ཤད་བྱེད་བཞིན་བྱ་བྱེའུ་སྣ་ཚོགས་མགྲོན་དུ་བསུ་བར་བྲེལ། ལྷ་ས་ནས་རླངས་འཁོར་བཏང་སྟེ་སྤྱི་ལེ་50ཙམ་བསྐྱོད་ན་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་ངར་ཤོད་གྲོང་ཚོར་འབྱོར་གྱི་ཡོད། གསར་འགོད་པ་ངར་ཤོད་ཞིང་ཁྱིམ་བོད་ཟས་ཟ་ཁང་དུ་འཛུལ་སྐབས་ཟ་ཁང་ནང་མི་ཚོགས་ཀྱིས་ཁེངས་ནས་འདུག
“འདི་གར་ཡུལ་ལྗོངས་ལེགས་ལ་ཁང་པ་ཡང་ཡག་པོ་ཡོད། འོན་ཀྱང་དུས་ཡུན་རིང་པོ་བེད་མེད་དུ་བཞག་པ་མཐོང་སྐབས་དངོས་འབྲེལ་བློ་ཕམ་སྐྱེ་དགོས་པ་ཞིག་འདུག ད་ཆ་འདུ་འཛི་ཆེ་བའི་ཟ་ཁང་དུ་གྱུར་པ་མ་ཟད། ད་དུང་ང་ཚོར་འདི་ནས་ཡོང་འབབ་ཀྱང་གསོག་རྒྱུ་འདུག”ཅེས་ཐབ་ཚང་ནང་ཁ་ལག་བཟོ་བཞིན་པའི་ཡུལ་མི་རིག་འཛིན་ལྷ་མོས་འཛུམ་དམུལ་དམུལ་ངང་བརྗོད། རིག་འཛིན་ལྷ་མོ་སྔོན་ཆད་ཇ་ཁང་གཉེར་མྱོང་ཡོད་པས། གྲོང་ཚོའི་ལས་དོན་རུ་ཁག་གིས་ཁོང་ཟ་ཁང་གི་མ་བྱན་དུ་བསྐོས། ཁོང་ལ་ཟླ་རེར་གླ་ཆ་སྒོར་5000ཙམ་སྤྲོད་ཀྱི་ཡོད་ཅིང་། ཁྱིམ་དུ་ཡོད་པའི་ཕྲུ་གུ་དང་རྒན་རྒོན་ལ་ལྟ་རྟོག་བྱེད་ཞོར་དུ་ཡོང་འབབ་མི་དམན་པ་གསོག་ཐུབ་པར་ཁོང་ཧ་ཅང་དགའ་པོ་བྱུང་ཡོད།
ངར་ཤོད་གྲོང་ཚོ་ནི་1998ལོར་གྲ་ཕྱི་ཤང་ཁོངས་རི་གྲོང་གི་མང་ཚོགས་དབུལ་པོ་བཀོད་སྒྲིག་བྱས་པའི་གནས་སྤོས་གྲོང་ཚོ་ཞིག་ཡིན་ལ། གྲོང་ཚོ་ཧྲིལ་པོར་དུད་ཚང་76དང་མི་313ཡོད། གྲོང་ཚོ་རྒྱལ་ལམ་འགྲམ་དུ་ཆགས་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། འོན་ཀྱང་དུས་ཡུན་རིང་པོར་འོས་ཤིང་འཚམ་པའི་ཕྱུག་འགྱུར་ལམ་བུ་མ་རྙེད་སྟབས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་མེད། མཉམ་སྡེབ་ཀྱི་ས་ཆ་དང་ཁང་པ་མང་པོ་བེད་མེད་དུ་ལུས་པ་དང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྐྱང་པ་ཡིན་པས་དཔལ་འབྱོར་འཕེལ་རྒྱས་གཏོང་དཀའ་བར་གྱུར། གྲ་ནང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་རུ་ཁག་བཅུ་བཞི་པ་ངར་ཤོད་གྲོང་ཚོར་བཅའ་སྡོད་བྱས་རྗེས། གྲོང་ཚོའི་གནས་ཚུལ་དངོས་མཐིལ་རྟོགས་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ། འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བ་སོགས་ཀྱི་གྲ་སྒྲིག་ལས་ཀ་ཧུར་ཐག་བསྒྲུབས་ཡོད།
“ང་ཚོས་སྔ་རྗེས་སུ་གྲོང་ཚོ་ཨུ་ལྷན་གྱི་གཞུང་དོན་ཚོགས་འདུ་ཐེངས་བརྒྱད་ཙམ་འཚོགས་པ་ཡིན། གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་གྱི་རྩིས་ཁྲ་རེ་རེ་བཞིན་བཤེར་ནས། ཏང་ཡོན་རྒན་གྲས་དང་ཕྱུག་འགྱུར་སྣེ་ཁྲིད་པ་དང་གྲོས་བསྡུར་ཡང་ཡང་བྱས་པ་ཡིན”ཞེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསྟན་འཛིན་གྱིས་དྲན་གསོ་བྱེད་བཞིན་དུ་བཤད། ཕྱོགས་ཡོངས་ནས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད། མཐར་ཚང་མའི་བསམ་འཆར་གཅིག་མཐུན་བྱུང་བ་སྟེ། རྒྱལ་ལམ་གྱི་ངོགས་སུ་འགྲུལ་པ་དང་ཡུལ་སྐོར་བ་མང་བའི་ཁར། གྲོང་ཚོར་ཁང་པ་སྟོང་པ་དང་བོད་ཟས་གཡོས་སྦྱོར་ལ་མཁས་པའི་མ་བྱན་ཡང་ཡོད་པས། བོད་ཟས་ཟ་ཁང་གཉེར་ན་ཧ་ཅང་འཚམ་པོ་ཡོད་པའི་གྲོས་ཐག་བཅད།
དམིགས་ཡུལ་གཏན་འཁེལ་བས་ཁ་བཤད་ལག་བསྟར་བྱས། གྲོང་སྡོད་ལས་དོན་རུ་ཁག་གིས“གྲོང་ཚོ་ཨུ་ལྷན་གཉིས”དང་ལག་གདང་དཔུང་སྦྲེལ་གྱིས་ཟ་ཁང་གི་འགྲོ་ལུགས་གཉེར་བ་དང་མ་དངུལ་གྲབས་གསོག་ཧུར་ཐག་བྱས། ཟ་ཁང་གི་མ་བྱན་དང་ཞབས་ཞུ་བ་ཚོར་སྔོན་ནས་སྦྱོང་བརྡར་ལེགས་པོ་བྱས་པ་དང་། དེས་མ་ཚད་ཟ་ཁང་གི་ཕྱི་ནང་གང་སར་བཀོད་འདོན་གྲ་རྒྱས་བྱས་པས། སྔོན་མའི་ཐལ་རྡུལ་གྱིས་སྦགས་པའི་ཁང་པ་སླར་ཡང་འོད་ཐིང་ངེར་གྱུར། དཀའ་སྤྱད་དང་དུ་བླངས་ནུས་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། 2026ལོའི་ཟླ་1ཚེས་28ཉིན་ངར་ཤོད་ཞིང་ཁྱིམ་བོད་ཟས་ཟ་ཁང་དངོས་སུ་སྒོ་ཕྱེ་ཐུབ་པ་དང་། བཀྲ་ཤིས་པའི་ཉིན་མོ་དེར་ཡུལ་མི་སྤུན་མཆེད་ཚོས་ལག་ཏུ་བཀྲ་ཤིས་ཁ་བཏགས་དང་ཞིམ་མངར་མཆོད་ཆང་བཏེགས་ནས་ཟ་ཁང་དངོས་སུ་སྒོ་ཕྱེ་བའི་མཛད་སྒོར་ཞུགས།
“ང་ཚོ་རང་ཉིད་ཀྱིས་གཉེར་སྐྱོང་དང་དོ་དམ་བྱས་ནས། མ་བྱན་དང་ཞབས་ཞུ་བ་ཚང་མ་གྲོང་ཚོ་དེ་རང་ནས་བསྐོངས་ཏེ་གྲོང་ཚོའི་མཉམ་སྡེབ་དང་ཡུལ་མི་གཉིས་ཀར་འབབ་འཕར་ཡོང་བར་བྱས་པ་ཡིན”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཆེན་གྱིས་ངོ་སྤྲོད་བྱས། བོད་ཟས་ཟ་ཁང་གིས་ཁྱད་ལྡན་བོད་ཟས་དང་རྒྱ་ཟས་སྣ་ཚོགས་བཟོ་གི་ཡོད། ད་དུང་ཟ་ཁང་གནས་ས་ནི་དེ་སྔོན་གླིང་ཁ་ཡིན་སྟབས་དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་ལ་ཧ་ཅང་མཛེས་པོ་ཡོད་པས། སྐུ་མགྲོན་ཚོས་ཁ་ལག་ཟ་ཞོར་དུ་དེ་གའི་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ལའང་རོལ་ཆོག ཟ་ཁང་གཉེར་ནས་ཟླ་བ་གཅིག་ལྷག་ཙམ་སོང་རིང་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད། གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་1.3བྱུང་བ་མ་ཟད། ཡུལ་མི་5ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཡུལ་མི་ལྷག་སྒྲོན་མཐོ་རིམ་སློབ་འབྲིང་ཐོན་རྗེས་དུས་རྒྱུན་ཁྱིམ་དུ་རྒན་རྒོན་ལ་ལྟ་སྐྱོང་དང་ཞིང་ལས་བྱེད་པ་དང་། ཞིང་དལ་དུས་སུ་ཕྱིར་ཞོར་ལས་ལ་འགྲོ་གི་ཡོད། ཁོང་ནམ་རྒྱུན་ནས་རྒན་པར་བརྩི་བཀུར་ཆེ་ཞིང་གཞོན་པར་བྱམས་སྐྱོང་ཆེ་བས་ཡུལ་མི་ཚང་མས་ཁོང་ལ་གདེང་འཇོག་བཟང་པོ་བྱེད་ཀྱི་ཡོད། ཁོང་གིས“དེ་སྔོན་ནང་ལས་བྱེད་རོགས་དང་ཕྱིར་ཡོང་འབབ་ཏོག་ཙམ་གསོག་ཐུབ་པ་ལས་གཏན་འཇགས་ཀྱི་ཡོང་འབབ་མེད། ད་ལྟ་གྲོང་ཚོའི་སྤྲོ་སྐྱིད་བོད་ཟས་ཁང་གི་འགན་འཁུར་བ་བྱས་རྗེས་གཅིག་ནས་ཁྱིམ་གྱི་རྒན་རྒོན་ལ་ལྟ་སྐྱོང་ཐུབ་པ་མ་ཟད། གཏན་འཇགས་ཀྱི་ཡོང་འབབ་ཀྱང་ལེན་རྒྱུ་འདུག་པས་རྗེས་མའི་འཚོ་བ་དེ་བས་སྐྱིད་དུ་འགྲོ་ངེས་རེད”ཅེས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་བཞིན་བརྗོད།
དེས་མ་ཚད་གྲོང་ཚོའི་ཡུལ་མི་བསོད་ནམས་ཕུན་ཚོགས་ཀྱིས་ལས་དོན་རུ་ཁག་དང“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་བཙལ་ནས་ཟ་ཁང་གི་ཉེ་འགྲམ་དུ་རླངས་འཁོར་བཀྲུ་ས་འཛུགས་རྒྱུའི་འདུན་པ་བཏོན། ལས་དོན་རུ་ཁག་དང“གྲོང་ཚོ་ཨུ་ལྷན་གཉིས”ཀྱིས་ཕྱོགས་མང་པོའི་བསམ་འཆར་ཉན་པ་མ་ཟད། ཟ་ཁང་དུ་མི་མང་བ་དང་རྒྱལ་ལམ་འགྲམ་དུ་འགྲོ་འོང་བྱེད་མཁན་མང་པོ་ཡོད་པས་གྲོས་འགོ་དེ་ཡག་པོ་འདུག་སྙམ་ནས་གཞུང་ལམ་ངོགས་ཀྱི་ཁང་པ་ཞིག་བསོད་ནམས་ཕུན་ཚོགས་ལ་གཡར། མི་རིང་བར་རླངས་འཁོར་བཀྲུ་ས་དེ་གཉེར་སྐྱོང་བྱེད་ཐུབ་པ་རེད།
“རྗེས་མ་ང་ཚོས་མུ་མཐུད་ཟ་ཁང་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ‘ཟ་ཁང་དང་། དམངས་སྲོལ་གནས་ཚང་། དམངས་སྲོལ་ཉམས་ལེན’བཅས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ། ཡུལ་སྐོར་བ་བློ་བདེ་པོས་ཞིམ་ཟས་ལ་རོལ་བ་དང་། གནས་བཟོད་བདེ་པོས་ཞག་སྡོད། དགའ་སྤྲོའི་ངང་ཡུལ་ལྗོངས་རོལ་ཐུབ་པ་བཅས་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་གྱིས་བརྗོད།
ད་ཆའི་ངར་ཤོད་གྲོང་ཚོའི་ཕྱི་ནང་བཀོད་པ་ལེགས་ལ། ཐོན་ལས་དར་ཞིང་རྒྱས་པ་དང་། ཡུལ་སྲོལ་གོམས་གཤིས་བཟང་ཞིང་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད་པས། ཡུལ་མི་རྣམས་ཀྱིས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་ནས་ཡོད།
འབྲེལ་ཡོད་གསར་འགྱུར།