རྨོད་གཉའ་གཅོག་པའི་བསྐལ་བཟང་རྫོགས་ལྡན་གྱི་དུས་འདིར།

དཔྱིད་ཟླ་གསུམ་པ་ཤར་ནས་གནམ་གཤིས་རིམ་གྱིས་དྲོ་རུ་ཕྱིན་པ་དང་བསྟུན། གངས་ལྗོངས་ས་མཐོའི་ཡུལ་ལུང་གང་སར་རྩྭ་རྩི་ཤིང་གི་མྱུ་གུ་འབུས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ལོ་ཐོའི་ནང“ཟོར་ཐོང་འཛོམས་པས་རྨོད་གཉའ་བཅག་ན་ལོ་ལེགས”ཞེས་འཁོད་པས། ཟླ་3ཚེས་16ཉིན། སོ་ནམ་པས་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོགས་ཏེ་ལོ་གསར་པར་ཞིང་ལ་ལོ་ལེགས་བཟང་བ་དང་། མི་ལ་ན་ཚ་མེད་པ། ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་དང་བཅས་རྟེན་འབྲེལ་བཟང་པོ་མཚོན་པར་བྱས་པ་རེད།


དེ་ཡང་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་སྡེ་ཁུལ་དུ་འབྱོར་སྐབས། གྲོང་མི་ཚོས་སྔ་ས་ནས་ཐོ་ཕྲུག་ལ་རྒྱལ་དར་སྒྲོག་པ་དང་། མེ་ཏོག་བསྒར་བ། ཁ་བཏགས་གཡོག་པ་སོགས་བྱེད་བཞིན་ཡོད་ལ། སྐྱེས་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་གཟབ་མཆོར་སྤྲས་པ་དང་ལག་ཏུ་གྲོ་སོ་ཕྱེ་མར་དང་དཀར་གཙང་མཇལ་དར་ཁྱེར་ནས་གཉའ་གཅོག་གི་མཛད་སྒོའི་སྟ་གོན་བྱེད་བཞིན་མཆིས།


གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མ་ཞིང་ཐང་གྲུ་བཞིའི་དཀྱིལ་དུ་འཛོམས་རྗེས་རྨོད་གཉའ་གཅོག་པའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་། ཁོང་ཚོས་རྒྱན་ཆ་ལེགས་པར་སྤྲས་པའི་ཐོ་ཕྲུག་དཀྱུས་གཅིག་ཏུ་འགྲིག་སྟེ་རྨོད་གཉའ་གཅོག་འགོ་བརྩམས། དེ་ནས་ལོ་བཟང་བུ་མོས་སོན་གཤོ་བ་དང་རོལ་ཁ་སྲུབ་པ་སོགས་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་ལས་རིམ་སྤེལ་ཞིང་། ཕན་ཚུན་མཆོད་ཆང་བཀྱགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་པར་ལོ་ལེགས་ཡོང་བའི་སྨོན་འདུན་ཟབ་མོ་ཞུས།


འབྲེལ་ཡོད་གསར་འགྱུར།