རྒྱལ་ལམ་འགྲམ་དུ་ཆགས་པའི“བདེ་སྐྱིད་གྲོང་ཚོ”
—— ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གླད་དག་གྲོང་ཚོའི་འགྱུར་ལྡོག་སྐོར་བཀོད་པ།
རྒྱལ་ལམ་318བརྒྱུད་དེ་བོད་དུ་སྐྱོད་སྐབས་མཛོ་སྒང་རྫོང་ནས་སྤྱི་ལེ་20ཙམ་བསྐྱོད་ཚེ། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གླད་དག་གྲོང་ཚོ་ཞེས་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་ཏུ་འབྱོར་གྱི་ཡོད། གྲོང་ཚོ་དེ་རྒྱལ་ལམ་གྱི་འགྲམ་དང་གཡུ་ཆུའི་ངོགས་སུ་ཆགས་ཡོད་ལ། རྒྱབ་ཏུ་རི་བོ་ཆགས་པ་དང་མདུན་དུ་ཆུ་མོ་རྒྱུག་པ་དང་། བོད་བཟོའི་སྒོ་ར་ཁེར་རྐྱང་གི་ཡུལ་མིའི་སྡོད་ཁང་དག་ཀྱང་གྲལ་འགྲིག་པོར་གནས་ཤིང་། ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
“ད་ཆ་འཚོ་བ་དེ་འདྲའི་བདེ་སྐྱིད་དང་ལྡན་པ་ལའང་། གྲོང་ཚོའི་ནང་ཐོག་བརྩེགས་ཁང་བཟང་བསྐྲུན་པ་དང་གྱང་ངོས་སུ་དཀར་རྩི་བྱུག་པ་མ་ཟད། ད་དུང་ཡུལ་སྐོར་ས་ཚིགས་ཀྱང་བསྐྲུན་ཡོད་པས། ལོ་ལྟར་ལྟ་སྐོར་དང་ངལ་གསོ་བར་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད”ཅེས་སྐྲ་གསེབ་ཏུ་སོབ་ཕྱེ་ཅུང་ཟད་འགོས་པའི་གླད་དག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀུན་རབ་འོད་ཟེར་གྱིས་གསར་འགོད་པར་ངོ་སྤྲོད་བྱས།
2024ལོར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་བ་དང་འདི་ལོ་ལོ་47ལ་སླེབས་པའི་ཀུན་རབ་འོད་ཟེར་གྱིས་ལོ་འདི་དག་རིང་གི་གྲོང་ཚོའི་འགྱུར་ལྡོག་ཆེ་ཤོས་སྐོར་གླེང་སྐབས། ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང“བདེ་སྐྱིད་ཚོར་སེམས་དེ་རེད”ཅེས་བཤད།
“སྔོན་ཆད་ཆར་པ་བབས་ཚེ་གང་སར་འདམ་རྫབ་ཀྱིས་ཁེངས་པ་དང་གནམ་དྭངས་དུས་གང་སར་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད”ཅེས་ཀུན་རབ་འོད་ཟེར་གྱིས་འདས་དོན་དག་ད་ལྟའང་གསལ་ལེར་དྲན་བཞིན་ཡོད།
2006ལོ་ནས་འགོ་ཚུགས་ཏེ་འགྱུར་ལྡོག་ཕྱིན་ཞིང་། ཡུལ་མིའི་འགྲོ་འོང་དེ་བས་སྟབས་བདེ་དང་བདེ་འཇགས་ཡོང་ཆེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག གླད་དག་གྲོང་ཚོས་གྲོང་ཚོའི་ལམ་སྐྲུན་འགོ་ཚུགས་པ་དང་ཡུལ་མིས་རང་འགུལ་ངང་ངལ་ནུས་བཏོན་ཡོད། ས་དོང་ཆེ་ཆུང་ཚང་མ་ཁོད་སྙོམས་ནས་སྣུམ་ནག་ལམ་བཏིང་པ་མཐོང་སྐབས་ཡུལ་མི་ཚོའི་སེམས་ཀྱང་ཁོད་སྙོམས་པའི་ལམ་ཆེན་དེ་དང་བསྟུན་ནས་འོད་ཟེར་སྟོང་ལྡན་དུ་གྱུར་ཡོད།
མཉམ་སྡེབ་དཔལ་འབྱོར་ནི་གླད་དག་གྲོང་ཚོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་འདེབས་འཛུགས་ལས་རིགས་དང་། འབྲོག་ལས། ཨར་སྐྲུན། དེ་བཞིན་སྒྲིག་ཆས་བོགས་གཏོང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ལ་འབབ་འཕར་སྣ་ཚོགས་ཡོང་བར་བྱས་ཡོད། 2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་དུད་ཚང་126ལ་ཕན་པ་ཐོབ་པ་དང་། དུད་ཚང་རེར་ཁེ་སྤོགས་སྒོར་7000བགོས་པ་དང་བསྡོམས་སྒོར་ཁྲི་88.2ཟིན་ཡོད། གླད་དག་གྲོང་ཚོའང་དེས་རྐྱེན་པས་མཛོ་སྒང་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་གྲོང་ཚོ་དང་མཉམ་སྡེབ་དཔལ་འབྱོར་གྱི་དཔེ་སྟོན་རྟེན་གཞི་ཞིག་ཏུ་གྱུར་ཡོད།
“ད་ལོ་ཁེ་སྤོགས་བགོས་རྗེས་ངའི་ནང་ལའང་མཛེས་བཟོ་བྱས་ནས་ཁྱིམ་ཆས་ཆ་ཚང་ཞིག་བཟོ་དགོས་བསམ་བྱུང”ཅེས་ཀུན་རབ་འོད་ཟེར་གྱིས་བརྗོད་ཀྱིན་གསར་འགོད་པར་ལག་ཐོགས་ཁ་པར་ནས་ཁོང་གིས་བཟོས་པའི་ཤིང་ཆས་དག་བསྟན། “ད་ལོ་གྲོང་ཚོས་ད་དུང་རྒྱལ་ལམ་འགྲམ་དུ་གླིང་ཁ་ཞིག་བསྐྲུན་རྩིས་ཡོད་པས་ལོ་མཇུག་ཏུ་ཁྱིམ་ཚང་ཚང་མར་ཡོང་འབབ་འཐོལ་པ་ཞིག་ཡོང་གི་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།