དབུ་ཤོག>ཞིང་འབྲོག་གསར་པ།
  • མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ། ཤེས་དཔལ་ལྡན་པའི་གྲོང་ཁྱེར་བཏོད།

    ​ ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24


    འདི་ནི་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དང་བླངས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྐུལ་སློང་ཚོགས་འདུར་ཞུགས་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་2026ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2026ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་བྱ་སྤྱོད་དངོས་སུ་སྤེལ་འགོ་བཙུགས་པ་རེད། རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས“ཏང་ཨུད་ཀྱིས་འགོ་ཁྲིད་དང་། མང་ཚོགས་ཚོགས་པས་རོགས་སྐྱོར། ཕྱོགས་ཁག་གིས་མཐུན་སྦྱོར། སྤྱི་ཚོགས་ཀྱིས་ཐེ་ཞུགས”བཅས་རྩ་དོན་དུ་བྱས་ཏེ། སྟོབས་ཤུགས་བསྡུ་སྒྲིལ་དང་འགག་སྒྲོལ་ལ་དམིགས་ནས་ས་མཐོའི་གནས་འཕྲོད་ཀྱི་གྲོང་ཁྱེར་བསྐྲུན་རྒྱུར་མང་ཚོགས་ཚོགས་པའི་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

    ད་ཐེངས་ཀྱི་བྱ་སྤྱོད་དེ་2026ལོའི་ལོ་ཧྲིལ་པོར་སྤེལ་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྤྱི་འདོམས་མཛུབ་ཁྲིད་བྱེད་པ་དང་། སྡེ་ཚོགས་གྲོང་ཨུད་དང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྣེ་ཁྲིད་པ། “བྱ་སྤྱོད་བརྒྱད”ཀྱི་ཆེད་སྒྲུབ་ཚོགས་ཆུང་དང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དབང་པོ་སྐྱོན་ཅན་ལྷན་ཚོགས་སོགས་ཚན་པས་མཉམ་དུ་ཞུགས་པ། རྫོང(ཆུས)ཁག་དང་གླིང་ཁུལ་གྱི་མང་ཚོགས་ཚོགས་པའི་ལས་དོན་པུས་མཉམ་འགུལ་བྱེད་པ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཡོད། བྱ་སྤྱོད་འདིས“དཔྱད་གཞིར་འཛིན་ས་བཞི”དང་།“དམིགས་ས་བཞི” “ཁག་ཆེན་པོ་བརྒྱད”བཅས་ཀྱི་བླང་བྱར་དམིགས་པ་དང་། “འབྲེལ་བ་བཞི་དང་འགན་སྲུང་བཞི”དང“གཤམ་སྐྱོད་བཞིའི”རྣམ་པ་གཞིར་བཟུང་བ། སྲང་ལམ་ཁུག་ཀྱོག་དང་གྲོང་ཁྱེར་དང་གྲོང་གསེབ་འདྲེས་མཚམས་སོགས་གཙོ་གནད་ས་ཁོངས་ལ་དམིགས་ཤིང་། “ཞོར་ལ་པར་རྒྱག”དང་། “གད་སྙིགས་རིགས་དབྱེ་གཞན་སྒྱུར” “མཉམ་འབྲེལ་བཅོས་སྐྱོང”བཅས་བྱས་པ་བརྒྱུད། ཁོར་ཡུག་འཕྲོད་བསྟེན་གྱི་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཐག་གཅོད་ཐུབ་ནས“ཆུང་ལ་མཛེས་པའི”ཞབས་ཞུར་བརྟེན་ཏེ“དམངས་འཚོ་ཆེན་པོའི”རེ་སྒུག་ལ་བརྡ་ལན་སྤྲོད་རྒྱུ་རེད།

    ཐོན་ཁུངས་བསྡུ་སྒྲིལ་དང་ལས་སྟེགས་བསྐྲུན་ནས་མཐུན་སྦྱོར་མཉམ་སྐྱོང་གི་གནས་བབ་གསར་པ་འཛུགས་པ་ནི་ད་ཐེངས་བྱ་སྤྱོད་ཀྱི་འདེགས་སྐྱོར་གཙོ་བོ་ཡིན་པ་དང་། རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་བཏོན་ནས་དུས་ཚིགས་མཐུན་སྦྱོར་ཚོགས་པའི་ལམ་ལུགས་འཛུགས་པ་དང་། དུས་བཀག་ལྟར་གཙོ་གནད་ལས་འགན་ཞིབ་འཇུག་གིས་བཀོད་སྒྲིག་བྱེད་པ། གཡུལ་ས་དང་། དཔུང་ཁག རྣམ་གྲངས་སོགས་ད་ཡོད་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བཅས་བྱས་ཏེ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱི་ལེགས་ཆ་གསབ་རེས་བྱས་ཡོད།

    བཟོ་ཚོགས་རྩ་འཛུགས་ཀྱིས་ལས་བཟོ་དང་བླངས་པ་ཁོར་ཡུག་གཙང་སྦྲའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། ཚོགས་པའི་རྩ་འཛུགས་ཀྱིས་གཞོན་ནུའི་དཔུང་ཁག་བཙུགས་ནས་ཡ་རབས་ངང་འགྲོ་སྐྱོད་བྱེད་དགོས་པའི་འགྲིམ་འགྲུལ་ཁ་ཏ་བྱས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གིས་སྡེ་ཁུལ་དུ་བསྐྱོད་དེ་བེད་མེད་དངོས་པོ་གཙང་སེལ་དང་གད་སྙིགས་རིགས་དབྱེའི་ཤེས་བྱ་དྲིལ་བསྒྲགས་བྱས་པ། སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ཁོར་ཡུག་སྲུང་སྐྱོང་ལག་ལེན་བྱེད་སྒོར་ཞུགས་ཏེ་ཆུང་བྱིས་པའི་དུས་ནས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་འཇགས་པར་བྱས་ཡོད། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ལས་ཁོར་ཡུག་བཅོས་སྒྲིག་དེ“ལས་འགན་བླང་བྱ”ནས་མང་ཚོགས་ཀྱི“རང་རྟོགས་བྱ་སྤྱོད”དུ་བསྒྱུར་ཏེ། གྲོང་མི་མང་ཚོགས་དེ་བས་མང་བ་རྣམས་རང་འགུལ་ངང་བཅོས་སྒྲིག་ལས་དོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་དམངས་ཡོངས་མཉམ་སྐྲུན་གྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད།

    དྲིལ་བསྒྲགས་ཁྲིད་སྟོན་དང་ཉམས་སྣང་ཟབ་མོ་གཏོད་ནས་དམངས་ཡོངས་ཞུགས་པའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ཏེ་བྱ་སྤྱོད་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད། ལྷ་ས་གྲོང་ཁྱེར་གྱིས་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྤྱད་ཅིང་། ཆེད་དོན་འཕྲིན་སྤེལ་དང་། བརྙན་ཐུང་། དཔེ་མཚོན་དྲིལ་བསྒྲགས་སོགས་ཀྱི་རྣམ་པ་བརྒྱུད་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱས་པ་དང་ཆབས་ཅིག སྔོན་ཐོན་དཔེ་མཚོན་འདེམས་པ་དང་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་བརྡ་ཁྱབ་བཏང་ནས་དཔེ་སྟོན་དང་ཉེན་བརྡའི་ནུས་པའང་ཐོན་པར་བྱས་ཡོད། རིག་རྩལ་ལས་དོན་པས་ཁོར་ཡུག་སྲུང་སྐྱོང་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་མི་སེམས་སུ་རིམ་པས་ཟུག་པར་བྱས་པ་དང་། ཚན་རྩལ་ལས་དོན་པས་གཞི་རིམ་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་དང་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་ཤེས་རྒྱ་ཆེ་རུ་དང་ལག་ལེན་གྱི་རྩལ་ནུས་ཆེ་རུ་བཏང་ཡོད། ད་ཆ་ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུ་དེ་ལྷ་སའི་གྲོང་མི་དེ་བས་མང་པོའི་རང་རྟོགས་ཀྱི་གདམ་ག་ཞིག་ཏུ་གྱུར་ཞིང་། མི་མང་པོས་རང་འགུལ་ངང་ཉེ་འགྲམ་གྱི་གད་སྙིགས་བསྒྲུགས་པ་དང་ཚུན་མིན་གྱི་བྱ་སྤྱོད་བཀག་འགོག་བྱས་མཐར། ས་མཐོའི་གནའ་བོའི་གྲོང་ཁྱེར་གྱི་ཤེས་དཔལ་གྱི་གཞི་མདངས་སྔར་བས་མངོན་གསལ་དོད་དུ་འགྲོ་བ་དང་དམངས་ཡོངས་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་རྒྱུན་རྣམ་ཕུགས་ཕན་ཡོང་བར་བྱས་ནས་ཐུན་མོང་འཛུགས་སྐྱོང་དང་། ཐུན་མོང་བཅོས་སྐྱོང་། ཐུན་མོང་ལོངས་སྤྱོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་ནི་བྱ་སྤྱོད་སྤེལ་བའི་ཕུགས་ཀྱི་དམིགས་ཡུལ་རེད། ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལོ་འཁོར་གྱི་གཙོ་གནད་ལས་དོན་ནང་བཅུག་སྟེ། རྒྱུན་རྣམ་ཅན་གྱི་བྱེད་སྒོ་ཁྱབ་སྤེལ་མཉམ་འགུལ་ལམ་སྲོལ་བཙུགས་ཤིང་། ཁོར་ཡུག་བཅོས་སྒྲིག་དེ་གཅིག་སྡུད་ཀྱི་བྱ་སྤྱོད་ནས་ཡུན་རིང་གི་བཅོས་སྒྲིག་ཏུ་བསྒྱུར་བར་སྐུལ་འདེད་བཏང་བ་བརྒྱུད། “མི་ཚང་མས་ཁོར་ཡུག་ལ་སེམས་ཁུར་བྱེད་པ་དང་། མི་ཚང་མས་བཅོས་སྒྲིག་ནང་ཞུགས་པ། མི་ཚང་མས་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཧུར་ཐག་ཆགས་པར་བྱས་ཡོད། མིག་སྔར། ད་ཐེངས་ཀྱི་མང་ཚོགས་ཚོགས་པའི་རོགས་རམ་བྱ་སྤྱོད་འདིས་གྲ་སྒྲིག་སྐུལ་སློང་དུས་མཚམས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་པ་དང་། གཅིག་སྡུད་སྐུལ་འདེད་ཀྱི་དུས་མཚམས་སུ་དངོས་སུ་སླེབས་ཡོད། ཚན་པ་ཁག་གིས་སྔོན་གཏན་འཁེལ་བའི་བཀོད་སྒྲིག་གཞིར་བཟུང་། བརྗོད་དོན་གཙོ་བོའི་བཅོས་སྒྲིག་བྱེད་སྒོ་ཁག་བགོས་ཡུག་བགོས་བྱས་ནས་སྤེལ་བ་དང་། བརྒྱུད་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་དང་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་མཐུན་སྦྱོར་གྱིས་སྤེལ་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ངོ་མ་ཐོབ་རྒྱུའི་འགན་ལེན་གང་ཐུབ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།