བྲིན་ཚོང་ཡོང་འབབ་སྒོར་ཁྲི་2000ཟིན་དོན་ནི།
ཀོང་པོ་རྒྱ་མདའ་རྫོང་གིས་ཁྱད་ལྡན་ཐོན་རྫས་ལ་བརྟེན་ནས་ཁུག་ཆེན་ཁུལ་གྱི་ཁྲོམ་ར་བཏོད་པ།
ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་ཤིང་ཀྲུང་ཐང་ཆེན་དུ་བོད་བཟོའི་མཛེས་རྒྱན་སྤྲས་པའི་ཚོང་ཁང་ཞིག་མངོན་གསལ་ལྷག་པར་དོད་ཅིང་། ཚོང་ཁང་ནང་སྐྱོད་སྐབས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་བེ་ཤ་དང་། བོད་ཕག་གི་ཤ། ཚགས་ཤ་སྐམ་པོ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཁ་180ལྷག་ཙམ་ཡོད་པ་དེས་འཛད་སྤྱོད་པ་མང་པོས་ཉོ་སྒྲུབ་བྱེད་པའི་ཡིད་དབང་བཀུག་ཡོད།
འདི་ག་ནི་ཀོང་ཏུང་འཛད་སྤྱོད་བོད་སྐྱོར་ཀྲུང་ཧྲན་ཁང་རེད་ལ། བོད་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དབར་འབྲེལ་གཏུག་བྱེད་པའི“འབྲེལ་ཟམ”ལྟ་བུ་ཞིག་ཀྱང་རེད། འདིས“ཀོང་ཏུང་དང་བོད་ཀྱི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་དུང་ཟབ་མོ་ལྡན་ལུགས་དང་འཛད་སྤྱོད་བོད་སྐྱོར་གྱི་ལག་ལེན་གྱི་བྱ་སྤྱོད་སྤེལ་ཚུལ་གསལ་བཤད་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཀོང་པོ་རྒྱ་མདའ་རྫོང(ཀྲུང་ཧྲན)ལས་དོན་ཚོགས་ཆུང་གིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་ཁུག་ཆེན་ཁུལ་གྱི་ཁྲོམ་ར་ཆེན་པོ་གསར་འབྱེད་གཉིས་ཟུང་དུ་འབྲེལ་བའི་བོད་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ཀོང་པོ་རྒྱ་མདའ་རྫོང་གི་སྤུས་ལེགས་སྐྱེ་ཁམས་ཞིང་ལས་ཐོན་རྫས་ཁུག་ཆེན་ཁུལ་དུ་ཁྱེར་ཡོང་སྟེ། བོད་ཕག་དང་བེ་ཤ་སོགས་ས་མཐོའི་ཟས་རིགས་རྩ་ཆེན་མཚོ་རྒྱུད་ཀྱི་འཛད་སྤྱོད་པའི་གསོལ་ལྕོག་ཐོག་བཤམས།
བྲག་ཆུ་གྲོང་རྡལ་དུ་ཡོད་པའི་བོད་ཕག་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་ལྗོངས་ཕྱི་ནང་གི་ཁེ་ལས་ལེགས་གྲས་9ནང་འདྲེན་བྱས་ཏེ། བོད་ཕག་ཐོན་ལས་གཙོ་གནད་དུ་བཟུང་ནས་དར་རྒྱས་གོང་འཕེལ་བཏང་ཞིང་། ལོ་མང་འབད་བརྩོན་བྱས་པ་བརྒྱུད་བོད་ཕག་གི་རྒྱུད་པ་གསོ་སྤེལ་དང་རིག་ནུས་གསོ་ཚགས་ནས་བཤས་གཏོང་གྲང་ཕྲེང་དང་ལས་སྣོན་ཞིབ་མོའི་བར་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་པར་བྱས་པ་མ་ཟད། ད་དུང“ཞིང་ས་གཤིན་པོ”བོད་ཕག་ཕག་ཀྲིན་དང“ཅིང་ཧྭ”རྩེར་སོན་ཕག་ཤ་རྗེན་པ་བསྙལ་མ་སོགས་རིགས་ཆེ་གྲས་9ཡི་ཐོན་རྫས་53གསར་སྤེལ་བྱས་པར་ལོ་རེའི་ཆ་སྙོམས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་5600ཟིན་གྱི་ཡོད།
ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཀོང་པོ་རྒྱ་མདའ་རྫོང(ཀྲུང་ཧྲན)ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཕེང་པོ་ཡིས། “ཀོང་པོ་རྒྱ་མདའ་རྫོང་ལ་རྒྱལ་ཁབ་རིམ་པའི་བོད་ཕག་གི་རྒྱུད་རྩ་སྲུང་སྐྱོང་ཁུལ་དང་བོད་ཕག་གི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས‘གནས་རྟགས་གཉིས’ཡོད་པ་དང་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། ང་ཚོའི་དམིགས་ཡུལ་ནི་བོད་ཕག་ཐོན་ལས་ལེགས་གཉེར་དང་། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ། ཁེ་ལས་ཀྱི‘ཞབས་ཞུ་བ’ཡག་པོ་བཅས་བྱས་ནས་རྒྱུན་ཆད་མེད་པར་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་རིན་ཐང་སྦྲེལ་ཐག་མཐོར་གཏོང་བྱས་ཏེ། བོད་ཕག་ཐོན་ལས་དེ་ཉིད་རྫོང་ཡོངས་ཀྱི་དམངས་ཕྱུག་ཐོན་ལས་དང་ཀ་རྟེན་ཐོན་ལས་སུ་འགྱུར་བ་བྱ་རྒྱུ་དེ་ཡིན”ཞེས་བཤད།
ནགས་གསེབ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀོང་པོ་རྒྱ་མདའ་རྫོང་ནི་ཉིང་ཁྲིའི་བེ་ཤ་དང་ཀོ་ཤ་ཐོན་ཁུལ་གཙོ་བོ་ཞིག་རེད། དེར་བརྟེན་ལས་དོན་ཚོགས་ཆུང་གིས་འབྲུག་ལ་ཤང་དང་མཚོ་མགོ་ཤང་སོགས་ཀྱི་རི་སྐྱེས་ཤ་མོའི་ཐོན་ཁུངས་ལ་བརྟེན་ནས། ཀོང་པོ་རྒྱ་མདའ་རྫོང་གི་ནགས་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཁྱགས་སྐམ་བཏང་བའི་བེ་ཤ་དང་ཀོ་ཤ་སོགས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས། བྲག་ཆུ་གྲོང་རྡལ་ནས་མཚོ་མགོ་ཤང་བར་གྱི་བྲག་མཚོ་ཞིང་ལས་ཁྱད་ལྡན་ཐོན་ལས་ཁུལ་གཏོད་པར་རམ་འདེགས་བྱས་ཡོད།
ཐོན་རྫས་ཡག་པོ་བྱུང་རྗེས་རི་ཀླུང་མང་པོ་བརྒལ་ནས་ཁྲོམ་རར་བསྟན་རྒྱུ་དང་ཁྲོམ་རའི་ཁས་ལེན་ཐོབ་པ་བྱ་རྒྱུ་དེ་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩར་གྱུར་ཡོད། དེའི་ཐད་ལས་དོན་ཚོགས་ཆུང་ལ་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་ཤིག་བྱུང་བ་ནི་ཀྲུང་ཧྲན་གྲོང་ཁྱེར་དུ་འགྲེམས་སྟོན་དང་བྲིན་ཚོང་གི་ནུས་པ་གཉིས་ཀ་ལྡན་པའི་འོས་སྦྱོར་སྐར་ཁུང་ཞིག་འཛུགས་རྒྱུ་དེ་རེད།
དེས་ན་ཀོང་ཏུང་འཛད་སྤྱོད་བོད་སྐྱོར་ཀྲུང་ཧྲན་ཁང་ཞེས་པ་དེ་ས་གནས་དེ་གའི་མི་ཚོགས་ཆེ་བའི་གྲོང་ཁྱེར་ལྟེ་གནས་སུ་བཙུགས་ཡོད། བོད་ལུགས་ཀྱི་མཛེས་བཟོ་བྱས་པའི་ཀྲུང་ཧྲན་ཁང་ནི་ཀོང་པོ་རྒྱ་མདའ་རྫོང་གི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་བྱ་ཡུལ་ཞིག་རེད་ལ། དེ་བས་ཀྱང་བོད་ཀྱི་རིག་གནས་འགྲེམས་སྟོན་ཁང་ཆུང་ཆུང་ཞིག་ཡིན་པ་རེད། དེ་ལས་ཀྲུང་ཧྲན་གྱི་གྲོང་མི་ཚོས“སྒོ་རྩ”ནས་གངས་ལྗོངས་ཀྱི་ཉམས་འགྱུར་ཚོར་ཐུབ།
གྲངས་གཞི་ལས་མངོན་པར། ཀྲུང་ཧྲན་ཁང་དེ་ཉིད་2020ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་པ་ནས་2026ལོའི་གནམ་ལོ་གསར་ཚེས་བར་དུ་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་ནས། ཀོང་པོ་རྒྱ་མདའ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས“རི་ཁུལ་ནས་མཚོ་ཁུག་ཏུ་སྐྱོད་པའི”ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
དཔལ་འབྱོར་གྱི་ཕན་འབྲས་ངོ་མ་ཐོན་པ་དང་འཛད་སྤྱོད་བོད་སྐྱོར་གྱི་ཕན་པ་ས་གནས་གཉིས་ཀར་ཐོབ་ཡོད། ཁུག་ཆེན་ཁུལ་གྱི་ཁྲོམ་རས་ཀོང་པོ་རྒྱ་མདའ་རྫོང་གི་ཁྱད་ལྡན་ཐོན་ལས་ཀྱི་རིམ་པ་སྤོར་བ་དང་ནུས་པ་ཆེ་རུ་གཏོང་བར་ལྕག་སྐུལ་བྱས་ཤིང་། དེའི་ནང་བྲག་མཚོ་ཐོན་ལས་ཁུལ་ཁོ་ནས་ཉེ་འཁོར་གྱི་ཞིང་འབྲོག་པ་དུད་ཚང་སྟོང་ལ་སྐུལ་ཁྲིད་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་3000ལྷག་ཙམ་བྱུང་བ་དང་མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པའི་གོ་སྐབས་ཇེ་མང་དུ་འགྲོ་བཞིན་ཡོད།
ད་ཆ“ཀོང་པོ་རྒྱ་མདའ་རྫོང་གི་བོད་ཕག”དང“ཀོང་པོའི་བེ་ཤ”སོགས་ཞིང་ལས་ཁྱད་ལྡན་སྤུས་རྟགས་ཀྱི་སྙན་གྲགས་ཁུག་ཆེན་ཁུལ་དུ་ཁྱབ་ཤུགས་ཆེ་རུ་འགྲོ་ཞིང་། དེ་གོང་འོས་སྦྱོར་བྱེད་དགོས་པའི“ཐོན་རྫས་གསར་པ”ནས་ད་ཆ་མི་མང་པོས་འཛད་སྤྱོད་བྱེད་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད” མ་འོངས་པར་རྒྱང་ལྟ་བྱེད་སྐབས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཀོང་པོ་རྒྱ་མདའ་རྫོང་ལས་དོན་ཚོགས་ཆུང་གིས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། གྲངས་འཛིན་བྲིན་ཚོང་། ཟོག་འགྲེམས་ལེགས་གཏོང་སོགས་ཀྱི་ཐད་མུ་མཐུད་འཚོལ་ཞིབ་བྱས་ཏེ། ཀོང་པོ་རྒྱ་མདའ་རྫོང་གི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཐོན་པ་དང་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་ནས་ཀོང་ཏུང་དང་བོད་ལྗོངས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གླུ་དབྱངས་སྔར་བས་སྐད་གསང་མཐོན་པོས་ལེན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།