དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྗང་མདོག་གློག་ཤུགས་ཀྱིས་དུད་ཚང་མང་པོར་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-19

    ལོ་རྙིང་ཕར་ལ་བསྐྱལ་བ་དང་ལོ་གསར་ཚུར་ལ་བསུ་བའི་མཚམས་སུ། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྲི་གུ་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་མི་ཚེ་རིང་གཡང་འཛོམས་ཀྱིས་དམིགས་བསལ་གྱི“རྩིས་ཁྲ”གཅིག་ལག་ཏུ་བཟུང་ནས་ལོ་གཅིག་དུས་གཅིག་གི་དུད་ཚང་གི་གནས་ཚུལ་ཤེས་རྟོགས་བྱེད་འགོ་བརྩམས་པ་དང་། “རྩིས་ཁྲ”དེའི་ནང་བཀོད་པ་ནི་གྲངས་ཀ་ཁོ་ན་མ་ཡིན་པར་དུད་ཁྱིམ་རེ་རེའི་བདེ་སྡུག་ཡིན་པ་རེད།

    སྤྱི་ལེ་བཅུ་ཕྲག་ཕྱིན་ཚེ་ས་བབ་སྨི་5000ལྷག་ཟིན་པའི་ཁ་ལེབ་ལ་ཁར“རྩིས་ཁྲ་འགོད་མཁན”གཞན་ཞིག་སྟེ་གྲི་གུ་རླུང་གློག་ཐང་གཉེར་སྐྱོང་ཉམས་གསོའི་ལག་རྩལ་ཆེ་མོ་བ་རྣམས་ཀྱིས་གྲང་ངར་ཆེ་བའི་ཁོར་ཡུག་ནང་རླུང་ཤུགས་གློག་གཏོང་འཕྲུལ་འཁོར་རེ་རེར་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། ཁོང་ཚོས་སྲུང་སྐྱོང་བྱེད་པའི་གློག་འདོན་ཚད་དང་བཙོག་འབུད་ཉུང་གཏོང་གི་གྲངས་གཞི་ནི“དམངས་འཚོའི་རྩིས་ཁྲ”གཞན་ཞིག་རེད།

    གྲི་གུར། སྔོན་ཆད་ཁྱིམ་ཚང་ཞིག་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་མིན་དེ་སྒོ་རའི་རྒྱབ་ཀྱི་ལྕི་བ་མང་ཉུང་ལ་རག་ལུས་ཀྱི་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་6ཟིན་པ་དང་དགུན་ཁར་དྲོད་ཚད་དམའ་ཤོས་སྐབས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་26ཟིན་པའི་ས་མཐོར་དྲོད་མཁོ་འདོན་གྱི་ལས་ཕྱོད་དམའ་བ་དང་མཁའ་རླུང་ལ་སྦགས་བཙོག་བཟོ་བའི་ཕྱུགས་ཟོག་གི་ལྕི་བ་བུད་ནས་དྲོད་ལེན་བྱེད་སྟངས་དེ་ལོ་ངོ་སྟོང་ཕྲག་རིང་རྒྱུན་བསྐྱངས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་ཐུན་མོང་མ་ཡིན་པའི་རླུང་ཤུགས་དང་འོད་ཤུགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ས་བབ་མཐོ་བའི་ཡུལ་གྱི་རླུང་གློག་རྣམ་གྲངས་ཏེ། གྲི་གུ་རླུང་གློག་ཐང་བསྐྲུན་པ་མ་ཟད་གློག་ཆ་ཚང་དྲ་སྦྲེལ་ཐུབ་ཡོད།

    2024ལོའི་ལོ་མཇུག་ཏུ། ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་གྲི་གུ་རླུང་གློག་ཐང་ནས་བཏང་བའི་ལྗང་མདོག་གློག་ཤུགས་ལ་བརྟེན་ནས་གྲི་གུ་གྲོང་རྡལ་དུ་ཁ་ཐོར་ངང་སྡོད་པའི་འབྲོག་པ་ཚོར་དྲོད་ལེན་འཕྲུལ་འཁོར་བསྒར་ཞིང་། དུད་ཁྱིམ་སོ་སོར་དྲོད་མཁོ་འདོན་ཁྱབ་གདལ་བཏང་བས་ས་བབ་མཐོ་བའི་ཡུལ་ལུང་གི་དྲོད་ལེན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔའི་བར། གྲི་གུ་གྲོང་རྡལ་གྱི་ཞིང་འབྲོག་པའི་ཁྱིམ་ཚང་དང་ལས་ཁུངས་ཚན་པ་1300ལྷག་ཙམ་ལྕི་བ་བུད་ནས་དྲོད་ལེན་གྱི་འཚོ་བ་མཇུག་བསྒྲིལ་ཏེ་གློག་ཤུགས་གཙང་མའི་དྲོད་མཁོ་འདོན་གྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།

    ཚེ་རིང་གཡང་འཛོམས་ཀྱིས་རྩིས་ཤིག་བརྒྱབ་པར། དེ་སྔོན་དགུན་དུས་སུ་བུད་ཤིང་ཉོ་བའམ་ཡང་ན་ལྕི་བ་སྒྲུག་སྐབས་མ་གནས་སྒོར་ཆིག་སྟོང་ལས་བརྒལ་གྱི་ཡོད། ད་ཆ་གློག་སྤྱད་དེ་དྲོད་ལེན་པར་སྲིད་གཞུང་གི་ཁ་གསབ་ཡོད་པས་རང་ཉིད་ཀྱིས་དངུལ་མང་པོ་གཏོང་དགོས་ཀྱི་མེད། “དེ་སྔོན་དྲོད་ལེན་པར་འགྲོ་སོང་མང་པོ་གཏོང་དགོས་ཀྱི་འདུག ད་ཆ་རླུང་གློག་སྤྱོད་ཀྱི་ཡོད”ཅེས་སྡེ་ཁུལ་གྱི་གྲོང་མི་པད་མས་གད་མོ་དགོད་བཞིན་བཤད།

    གྲི་གུ་རླུང་གློག་ཐང་གི་དོན་སྙིང་ནི་ལག་རྩལ་སྟེང་ཚད་བརྒལ་བྱུང་བ་ཙམ་མ་ཡིན་པར། 2025ལོའི་ལོ་མཇུག་བར། རླུང་གློག་ཐང་དེ་ནས་རིམ་རྩིས་བརྒྱབ་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་5.7ལྷག་ཙམ་བཏང་བ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་17.14གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་45.06ཉུང་འཕྲི་བྱས་པ་དང་མཚུངས་ཀྱི་ཡོད།

    ནུས་རྒྱུ་གསར་པ་འཕེལ་རྒྱས་ཕྱིན་པས་རྩྭ་ཐང་འདིར་གོ་སྐབས་གསར་པ་བསྐྲུན་ཞིང་། ས་གནས་དེ་གའི་གཞོན་ནུ་མང་པོ་ཞིག་རླུང་གློག་ཐང་གི་གཉེར་སྐྱོང་ཉམས་གསོའི་ལས་དོན་པར་གྱུར་ཏེ་ཡོང་འབབ་བརྟན་པོ་བྱུང་ཡོད། མཚོ་སྨད་རྫོང་གྲོང་ནང་གི་འོད་ཤུགས་གློག་ཁང་གི་འོད་ཤུགས་ཤེལ་ལེབ་འོག་གཟན་རྩྭ་སྐྱེ་འཚར་ཡག་པོ་ཡོད་པས“ཤེལ་ལེབ་ནས་གློག་གཏོང་བ་དང་། ཤེལ་ལེབ་འོག་ཏུ་ལུག་འཚོ་བའི”སྐྱེ་ཁམས་ཞི་མཐུན་གྱི་རྣམ་པ་དོན་དངོས་སུ་གྱུར་ཡོད།

    མིག་སྔར། མཚོ་སྨད་རྫོང་གིས་སྤྱིའི་གཞི་ཁྱོན་ཀྲའོ་ཝ་300ཟིན་པའི“རླུང་ཤུགས་གློག་གཏོང་དང་ནུས་གསོག་ཟུང་དུ་འབྲེལ་བའི”རྣམ་གྲངས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། “རླུང་འོད་ཚ་གསོག”གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་ཏེ། ལྗང་མདོག་གློག་ཤུགས་ས་མཐོར་རྩ་བ་བརྟན་པོ་ཚུགས་པར་བྱས་ནས། ས་གནས་དེ་གའི་མི་དམངས་ལ་ཡུན་རིང་ཕན་པ་ཐོབ་པར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།