རྩལ་ནུས་ལ་བརྟེན་ནས་མི་ཚེར་འགྱུར་ལྡོག་དང་གཞན་ལ་འོད་སྣང་སྦྱིན་པ།
མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་རླངས་འཁོར་ཉམས་བཟོའི་རྩལ་ནུས་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་གཞན་ལ་འོད་སྣང་སྦྱིན་མཁན་གྱི་འཇོན་ཐང་ཅན་ནོར་ཆུང་ཟེར་བ་ཞིག་ཡོད་ཅིང་། ཁོང་གི་གཏམ་རྒྱུད་ནི་དཀའ་སྡུག་གྲངས་་མེད་འཕྲད་ཀྱང་ལས་དབང་ལ་མགོ་མི་སྒུར་བའི་སྙིང་སྟོབས་ལས་བྱུང་།
ཆུང་དུས་ནས་ཨ་ཕ་གྲོངས་པའི་ནོར་ཆུང་ནི་ཨ་མ་གཅིག་པུས་ཁྱིམ་སྐྱོང་བའི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་བ་དང་། ཕུ་ནུ་མིང་སྲིང་7གྱི་འཚོ་ཐབས་ཆེད་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཁྱིམ་ཚང་གི་འཁོས་ཀ་ཞན་པའི་དབང་གིས་ཁོང་དམའ་རིམ་སློབ་འབྲིང་ཐོན་རྗེས་སློབ་མཚམས་མི་འཇོག་དཀའ་མེད་བྱུང་བ་དང་ཆུང་དུས་ནས་འཚོ་བའི་ཁུར་པོ་ལྕི་པོ་ཁུར། “ལག་ཤེས་ཤིག་ཤེས་ན་གཞི་ནས་ནང་མི་ཚོར་འཚོ་བ་ཡག་པོ་ཞིག་སྐྲུན་ཐུབ”པའི་བསམ་ཚུལ་འདི་ཁོང་གི་སེམས་སུ་བརྟན་པོར་བཅངས་ཡོད། གཅེན་མོའི་ཁྱོ་གའི་རོགས་རམ་འོག ནོར་ཆུང་རླངས་འཁོར་ཉམས་བཟོ་སྦྱོང་བར་བསྐྱོད་ཅིང་། ལོ་མང་རིང་དཀའ་བར་མགོ་མི་སྒུར་བའི་སྙིང་རུས་ལ་བརྟེན་ནས་བརྩོན་ཞིབ་ཡང་ཡང་དང་སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད། མཐར་འཚོ་བརྟེན་ལ་ཕན་པའི་ལག་རྩལ་འདི་བྱང་ཆུབ་པའི་ངང་ཁོང་དུ་ཆུད།
ལག་རྩལ་སྦྱངས་ཚར་རྗེས། ནོར་ཆུང་གིས་ཕ་ཡུལ་དུ་རླངས་འཁོར་ཉོ་མཁན་ཡུལ་མི་ཇེ་མང་དུ་སོང་བ་དང་སྦྲགས་རྫོང་གྲོང་དུ་རླངས་འཁོར་ཉམས་བཟོ་ཁང་ཧ་ཅང་དཀོན་པ་མཐོང་བས། ཕ་ཡུལ་དུ་རླངས་འཁོར་ཉམས་བཟོ་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། ཁོང་གིས་གང་སར་མ་དངུལ་གཡར་ནས་མ་རྩ་སྒོར་ཁྲི་7རག་རྗེས་མལ་གྲོ་གུང་དཀར་རྫོང་ནོར་བུ་བཟོ་ཚོང་ཚད་ཡོད་ཀུང་སིའི་ནང་དུ་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས།
ཐོག་མའི་དུས་སུ། ཉམས་བཟོ་ཁང་ཆེན་པོ་དེ་ཙམ་མེད་པས་ནོར་ཆུང་གིས་སྦྱིན་བདག་དང་ལག་རྩལ་པའི་འགན་གཉིས་ཀ་ཁུར་ཏེ། ལས་སླ་བའི་འཁོར་ལོ་བརྗེ་བ་དང་བདག་སྐྱོང་བྱེད་པ་ནས་རྙོག་དྲ་ཆེ་བའི་ཨིན་ཇི་ཉམས་བཟོའི་བར་གྱི་ལས་ཀ་ཚང་མ་བྱེད་ཀྱི་ཡོད། ལག་རྩལ་བྱང་ཆུབ་པ་དང་རིན་གོང་ཁེ་བས། ཁོང་གི་རླངས་འཁོར་ཉམས་བཟོ་ཁང་རིམ་བཞིན་སྐད་གྲགས་ཆོད་དེ་ཚོང་ཡང་ཇེ་ལེགས་སུ་སོང་། ད་ཆ། ཁོང་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་ནས་རང་ཁྱིམ་གྱི་འཚོ་བ་དབུལ་པོའི་གནས་ལས་བསྒྲལ་ཏེ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། ཁོང་ཡང་ཡུལ་མི་ཁྱིམ་མཚེས་ཚོའི་ངག་ཐོག་གི་བློས་འཁེལ་ཞིང་སེམས་རྩ་འཁོལ་བའི“རྒན་ནོར་ཆུང”དུ་གྱུར།
“རང་ཉིད་གཅིག་པུ་ཕྱུག་པོ་ཆགས་པར་ཕྱུག་པོ་མི་ཟེར། ཚང་མའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོ་ཆགས་ན་གཞི་ནས་བློ་བཟོད་བདེ” ནོར་ཆུང་གིས་བསམ་ཚུལ་འདི་འདྲ་བཅངས་ནས་སྔ་རྗེས་སུ་ཡུལ་དེ་གའི་མང་ཚོགས་10ལྷག་ཙམ་དགེ་ཕྲུག་ལ་ཉར་ཏེ་ལག་རྩལ་ཚང་མ་སྦ་གསང་མེད་པར་སློབ་ཀྱི་ཡོད། དགེ་ཕྲུག་མང་ཆེ་བ་རླངས་འཁོར་ཉམས་བཟོ་སྦྱངས་མྱོང་མེད་པར་དམིགས་ནས་ཁོང་གིས་རྨང་གཞིའི་ལག་ཆ་སྤྱོད་སྟངས་དང་རླངས་འཁོར་གྱི་ཆགས་གྲུབ་ནས་སློབ་ཁྲིད་འགོ་འཛུགས་ཏེ། ལྷུ་ལག་བཤིག་པ་དང་ལྷུ་ལག་ངོས་འཛིན་བྱེད་པའི་བར་ཚང་མ་དམར་ཁྲིད་བྱེད་པ་དང་། ཤེས་དཀའ་བའི་རིགས་ཚང་མས་མ་ཤེས་བར་དུ་འགྲེལ་བཤད་ཡང་ཡང་རྒྱག་གི་ཡོད། མི་རྣམས་ལ་སེམས་འགུལ་ཐེབས་འོས་པ་ཞིག་ནི། ཁོང་གིས་དགེ་ཕྲུག་རྣམས་ཀྱི་ཟ་འཐུང་འགྲོ་འདུག་འགན་ལེན་བྱེད་པ་མ་ཟད། ཟླ་རེར་ད་དུང་གླ་ཆ་སྒོར་5000སྤྲོད་ཀྱི་ཡོད།
ད་ཆ། ནོར་ཆུང་གི་རླངས་འཁོར་ཉམས་བཟོ་ཁང་ནི་ཁོང་མི་སྒེར་གྱི“ཕྱུག་འགྱུར་ཁང”ཙམ་མ་ཟད། དེ་བས་གྲོང་གསེབ་ཀྱི་གཞོན་ནུ་ཚོའི“ལག་རྩལ་སྦྱོང་ས”ཞིག་ཏུ་གྱུར་ཡོད། དགེ་ཕྲུག་གཉིས་ལག་རྩལ་ཁོང་དུ་ཆུད་རྗེས་ལྷ་སར་རང་ཉིད་ཀྱི་རླངས་འཁོར་ཉམས་བཟོ་ཁང་བཙུགས་པ་དང་། དགེ་ཕྲུག་གཅིག་རླངས་འཁོར་ཉམས་བཟོའི་ཁེ་ལས་རྩེ་གྲ་ཞིག་ཏུ་ལས་ཀར་ཞུགས་ནས་ཁོང་ཚོ་ཚང་མར་ཡོང་འབབ་བརྟན་པོ་ཡོད་པ་དང་རང་སོ་སོའི་འཚོ་བ་གསར་པ་སྐྱེལ་བཞིན་ཡོད་པ་རེད།
དགེ་ཕྲུག་ཚང་མ་ལག་ཤེས་ལ་བརྟེན་ནས་འཚོ་བ་བརྟན་པོ་ཞིག་སྐྱེལ་བ་མཐོང་སྐབས་ནོར་ཆུང་གི་སེམས་ཤུགས་དེ་བས་ཀྱང་ཆེ་རུ་ཕྱིན་ཞིང་། ཁོང་གིས་རྟག་ཏུ“ཡུལ་དེ་གའི་མང་ཚོགས་ཀྱིས་རླངས་འཁོར་ཉམས་བཟོའི་ལག་རྩལ་སྦྱོང་འདོད་ཡོད་ཕྱིན་ངས་སློབ་འདོད་ཡོད། མི་ག་ཚོད་སྦྱོང་བར་ཡོང་ཡང་ངས་སྔོན་ཆད་ལྟར་ལག་རྩལ་དེ་སྦ་གསང་གཏན་ནས་མེད་པར་བསླབས་ཏེ། མི་དེ་བས་མང་བས་རང་ཉིད་བྱང་བའི་ལག་རྩལ་སྣ་གཅིག་ལ་བརྟེན་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཤོད་ཀྱི་ཡོད། སླད་ཕྱིན་ཁོང་གིས་ཉམས་བཟོ་ཁང་གི་གཞི་ཁྱོན་དང་བར་མཐོངས་དེ་བས་ཆེ་རུ་བཏང་ནས། སློབ་མ་དེ་བས་མང་བ་བསྡུ་རྩིས་ཡོད་ལ། སློབ་ཆས་གསར་སྒྱུར་བྱས་ཏེ་དགེ་ཕྲུག་ཚོར་ཐད་མཐོང་སློབ་ཁྲིད་བྱས་ནས“ལག་རྩལ་ལ་བརྟེན་པའི་ཕྱུག་འགྱུར་ལམ་བུ”དེས་མི་དེ་བས་མང་བར་འོད་སྣང་སྦྱིན་ཐུབ་པ་བྱ་རྩིས་ཡོད་པ་རེད།
ཁྱིམ་ཚང་དབུལ་བས་སློབ་མཚམས་བཞག་པ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོད་པའི་བར། ནོར་ཆུང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད་ལ། བྱ་སྤྱོད་དངོས་ལ་བརྟེན་ནས“ལག་རྩལ་སྣ་གཅིག་བྱང་ཆུབ་ཚེ། ཕྱུག་འགྱུར་ལམ་ལ་སེམས་ཁྲལ་མེད”ཅེས་པའི་གནས་ལུགས་ཀྱང་གསལ་འགྲེལ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།