ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་5Gདྲ་རྒྱ་ཁྱབ་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ལོག་གླེན་ཤང་རྟ་ར་གྲོང་ཚོའི་སྦྲེལ་ཚུགས་བདེ་བླག་ངང་ཤར་གཏོང་ཐུབ་ནས། ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་5Gདྲ་རྒྱའི་བརྡ་རྟགས་རྦད་དེ་ཁྱབ་ཡོད། དེ་ཐོག་ནས་གྲོང་ཁྱེར་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་འཛིན་ཧེ་བག་མེད་པར་བཟོས་ཏེ་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འགག་རྩའི་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།
ཐག་རིང་གི་སྲིད་འཛིན་གྲོང་ཚོ་ཁག་གཅིག་གི་དྲ་རྒྱ་སྐྲུན་དཀའ་བ་དང་། མ་གནས་མཐོ་བ། འཁོར་སྐྱོད་ཉམས་གསོ་རྙོག་དྲ་ཆེ་བ་སོགས་ཀྱི་དཀའ་ངལ་སེལ་ཆེད། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ལྷོ་ཁ་ཡན་ལག་ཀུང་སིས་སྲིད་འཛིན་གྲོང་ཚོ་ཚང་མར་5Gདྲ་རྒྱ་ཁྱབ་པར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་དམངས་འཚོའི་འདུ་འགོད་ནང་བཅུག་ནས། “ཏང་འཛུགས་སྐྱོང་དང་གྲངས་འཛིན་གྲོང་གསེབ”ཟུང་འབྲེལ་གྱི་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་། “གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ”བཅས་རིམ་བཞིའི་མཉམ་འགུལ་མ་ལག་གཏོད་པ། ཏང་ཡོན་གྱི་ལག་རྩལ་འགག་སྒྲོལ་རུ་ཁག་13འཛུགས་པ། ཐག་རིང་རི་ཁུལ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་རྩད་ཞིབ་ཐིག་ལེན་བྱེད་པ། “སྦྲེལ་ཚུགས་དང་བརྡ་རྟགས་ཆེར་གཏོང་ཡོ་བྱད”ཟུང་འབྲེལ་བྱེད་པའི་སྣ་འདུས་ཇུས་གཞི་གསར་གཏོད་བྱས་ནས་སྤྱོད་པ་བཅས་བྱས་ཏེ། རྙོག་འཛིང་ཆེ་བའི་ས་བབ་ཁྲོད་དུ་བརྡ་རྟགས་རྦད་དེ་ཁྱབ་མི་ཐུབ་པའི་དཀའ་གནད་ནུས་ལྡན་ངང་བསལ་ཡོད་པ་རེད།
5Gདྲ་རྒྱ་རྦད་དེ་ཁྱབ་པ་ལས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་འཕེལ་རྒྱས་ལ་གྲངས་འཛིན་ཅན་གྱི་སྒུལ་ནུས་བསྣན་ཡོད། 5Gདྲ་རྒྱར་བརྟེན་ནས་ས་གནས་དེ་གས་ཡར་ཀླུང་ཚོང་འདུས་སོགས་ལས་སྟེགས་བརྒྱུད་ཐད་གཏོང་ཟོག་འཚོང་དང་དྲ་ཐོག་ཚོང་དོན་བྲིན་འཚོང་ཁྱབ་གདལ་བཏང་སྟེ་ཁྱད་ལྡན་ཞིང་ལས་ཐོན་རྫས་རྒྱལ་ཡོངས་སུ་བྲིན་རྒྱུར་རམ་འདེགས་བྱས་ཡོད། “5G+AIལྟ་སྡོམ+སྤྲིན་ཚོགས་རླུང་འཕྲིན”བཅས་ཀྱི་རིག་ལྡན་མ་ལག་ལ་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་དང་། འགལ་བ་འདུམ་འགྲིག སྲིད་ཇུས་དྲིལ་བསྒྲགས་བཅས་དུས་མཚམས་ཚང་མར་ཁྱབ་སྟེ་གྲོང་མིའི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། 5Gརྒྱང་བསྟེན་སྨན་བཅོས་ལས་གཞི་རིམ་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་སྟབས་བདེའི་ངང་ལོངས་སུ་སྤྱོད་ཐུབ་པ་དང་། 5Gཕན་སྒུལ་སློབ་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་དོ་སྙོམས་ངང་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ། གྲངས་འཛིན་ལག་རྩལ་གྱིས་གྲོང་གསེབ་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཏན་ཏིག་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།