དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོས་རྒྱལ་དར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-20

    ཉིང་ཁྲི་གྲོང་ཁུལ་ནས་ཐོན་ཏེ་ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ་བརྒྱུད་ནས་ཤར་ལ་བསྐྱོད་ཚེ། “ཡར་ཀླུང་གཙང་པོའི་གྲོང་ཚོ་དང་པོ”ཞེས་འབོད་པའི་ཀླུ་སྟེང་གྲོང་ཚོ་སྔོ་ལྗང་རི་ཀླུང་གི་དཀྱིལ་དུ་གནས་ཡོད། མི་རྣམས་ཀྱིས“རྒྱལ་དར་གཅིག”གི་གཏམ་རྒྱུད་གོ་ཐོས་བྱུང་ནས་གྲོང་ཚོ་ཆུང་ངུ་དེ་ཤེས་རྟོགས་བྱུང་བ་རེད།

    1960ལོར་ཞིང་བྲན་གྱི་མི་རབས་རྗེས་མ་དབང་ཕྱུག་ལ་མའོ་ཙེ་ཏུང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་བྱམས་བརྩེའི་མཇལ་འཕྲད་ཐོབ་རྗེས། ཡུལ་མིའི་སྣེ་ཁྲིད་དེ་རྒྱལ་དར་ཞིག་ལག་འཚེམ་བརྒྱབ་ནས་ཏང་གི་བཀའ་དྲིན་སྙིང་དབུས་སུ་འཆང་ལུགས་མཚོན་པར་བྱས་པ་རེད།

    རྒྱལ་དར་གྱི་ཁྲིད་སྟོན་འོག་ཀླུ་སྟེང་གྲོང་ཚོའི་མང་ཚོགས་ཚོས་ཏང་རྩ་འཛུགས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ། ཏང་ལ་ཞུགས་པའི་རེ་འདུན་ཞུ་ཡིག་གཅིག་མཇུག་གཉིས་མཐུད་ངང་བསྐྱལ་ནས་གསར་བརྗེའི་ས་བོན་སེམས་ཀྱི་ཞིང་སར་རྩ་བ་བརྟན་པོ་ཚུགས་པར་བྱས་ཡོད།

    “ང་ནི་རྒྱལ་དར་གྱི་གཏམ་རྒྱུད་ཉན་ནས་འཚར་ལོངས་བྱུང་བ་ཞིག་ཡིན”ཞེས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་གསར་བརྗེའི་གཏམ་རྒྱུད་གསལ་འགྲེལ་པ་གཡང་སྐྱིད་ལྷ་མོས་བཤད། སློབ་ཆེན་ཐོན་རྗེས། ཁོང་གིས་ཐེ་ཚོམ་མེད་པར་ཕ་ཡུལ་ལ་ལོག་སྟེ་བརྙན་ཐུང་པར་ལེན་དང་དྲ་རྒྱའི་ཐད་གཏོང་སོགས་ལ་བརྟེན་ནས་ཕྱི་ཕྱོགས་ལ་ཕ་ཡུལ་འོས་སྦྱོར་བྱས་ཏེ། ཀླུ་སྟེང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལ་གཞོན་ནུའི་གསོན་ཤུགས་བསྣན་ཡོད།

    གཡང་སྐྱིད་ལྷ་མོ་དང་འདྲ་བར་ཕ་ཡུལ་དུ་ལོག་པའི་གྲས་སུ་ད་དུང་ལས་གཏོད་གཞོན་ནུ་ཀུན་དགའ་ཚེ་རིང་ཡང་ཡོད། ཁོང་གིས་སྐྱེ་ཁམས་ཡུལ་སྐོར་ལ་དམིགས་ཏེ་གཞུང་ལམ་ཀོག་ཧྥེ་ཁང་གཉེར་བ་དང་། གྲོང་ཚོའི་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་དང་མཉམ་དུ་རྟ་རྒྱུག་དང་མདའ་རྩལ་ར་བ་བཙུགས། “རྒྱལ་དར་གྱིས་ང་ལ་སྟོབས་ཤུགས་སྦྱིན་བྱུང་ལ་ཏང་དང་སྲིད་གཞུང་གིས་ང་ལ་གོ་སྐབས་ཀྱང་གནང་བྱུང”ཞེས་ཀུན་དགའ་ཚེ་རིང་གིས་སེམས་འགུལ་ཐེབས་བཞིན་དུ་བཤད།

    དེང་གི་ཀླུ་སྟེང་གྲོང་ཚོ་ནི་འགྲོ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། དྲ་རྒྱ་དང་གློག་ཤུགས་ཁྱོན་ཡོངས་ལ་ཤར་གཏོང་ཐུབ་པ། ཕྲུ་གུ་ཚོས“འགན་ལེན་གསུམ”གྱི་སློབ་གསོའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ། རྒན་རྒོན་ཚོར་སྨན་བཅོས་འགན་སྲུང་ཡོད་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2021ལོའི་སྒོར་ཁྲི་2.21ནས་2024ལོའི་སྒོར་ཁྲི་3.04བར་མང་དུ་ཕྱིན་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ནོར་བུས“རྒྱལ་དར་ནི་ང་ཚོ་ཀླུ་སྟེང་གྲོང་ཚོའི་མང་ཚོགས་ཀྱི་དད་གུས་ཀྱི་དར་ཆ་དང་། འབད་འབུངས་ཀྱི་དར་ཆ། མཐུན་སྒྲིལ་གྱི་དར་ཆ། དྲིན་ཚོར་གྱི་དར་ཆ་བཅས་རེད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།