ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་སྟར་ཁ་སྟེང་གྲོང་ཚོས།
འཕྲུལ་འཁོར་སྣ་ཚོགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།
སྨར་ཁམས་རྫོང་སྟར་ཁ་སྟེང་གྲོང་ཚོར་བསྐྱོད་པའི་ལམ་བར་དུ་འབྲི་ཆུ་ཉིན་མཚན་དབྱེར་མེད་དུ་རྒྱུག་བཞིན་མཆིས། གྲོང་ཚོའི་འགྲོ་ལམ་བསྐྲུན་སའི་ཉེ་འགྲམ་དུ་སླེབས་སྐབས་ལོ་29ལ་སླེབས་པའི་བློ་གྲོས་རྒྱལ་མཚན་གྱིས་བྱང་ཆུབ་པའི་སྒོ་ནས་སྔོག་འདོན་འཕྲུལ་འཁོར་བཏང་སྟེ་རི་ལྡེབས་སུ་ལམ་གཞི་འདིང་བཞིན་ཡོད་པ་རེད། ཁོང་གི་ངོ་གདོང་སྨུག་པོའི་སྟེང་ཉི་འོད་འཕྲོ་སྐབས་སྒམ་ནན་གྱི་རྣམ་པ་མངོན། དེ་སྔའི་ཕྱུགས་རྫི་བ་དེས་ད་ལྟ་འཕྲུལ་འཁོར་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལེའུ་གསར་རྩོམ་པའི་ནང་རང་ཉིད་ཀྱི་ངོ་མཚར་གཏོད་བཞིན་ཡོད།
ལས་དབང་གི་ཁ་ལོ་འགྱུར་བའི་གོ་སྐབས་ཤིག་བྱུང་ཞིང་། ལས་ཡུལ་དུ་ལས་ཀ་བྱེད་སྐབས། བློ་གྲོས་རྒྱལ་མཚན་གྱིས་ཨ་ཞང་ངལ་གསོ་བའི་དུས་དང་བསྟུན་ནས་བློ་ཁོག་ཆེན་པོས་ས་བླུག་འཕྲུལ་འཁོར་གྱི་ཁ་ལོ་སྒྱུར་ཁང་དུ་འཛེགས། གསོ་སྦྱོང་བྱེད་མ་མྱོང་བའི་ཁོང་གིས་སྤྱང་གྲུང་ལ་བརྟེན་ནས་སྒྲིག་ཆས་བཀོལ་སྤྱོད་ཡག་པོ་བྱས་ཏེ་ཉིན་གཅིག་གི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
ཁོང་གི་ལྷན་སྐྱེས་ཀྱི་ཤེས་རབ་དེར་ལས་ཡུལ་དུ་ཡོད་པའི་སྔོག་འདོན་འཕྲུལ་འཁོར་གྱི་རྒྱ་རིགས་དགེ་རྒན་གྱིས་དོ་སྣང་བྱུང་ནས་དགེ་ཕྲུག་ལ་ཉར། བློ་གྲོས་རྒྱལ་མཚན་གྱིས་གོ་སྐབས་དེར་དམ་འཛིན་བྱས་ནས་སློབ་སྦྱོང་གི་གཙོ་གནད་དེ་ས་བླུག་འཕྲུལ་འཁོར་ནས་སྔོག་འདོན་འཕྲུལ་འཁོར་ལ་བསྒྱུར། དགེ་རྒན་གྱིས་དམར་ཁྲིད་བྱས་པས། ཉིན་15ཡི་ནང་ཁོང་གིས་འཕྲུལ་འཁོར་དེ་གཉིས་བྱང་ཆུབ་པའི་སྒོ་ནས་བེད་སྤྱོད་བྱེད་སྟངས་ཤེས།
ལག་རྩལ་ཡག་ཏུ་གཏོང་ཆེད། དགེ་རྒན་གྱིས་གྲོས་འགོ་བཏོན་པ་བརྒྱུད་བློ་གྲོས་རྒྱལ་མཚན་ལས་གྲྭའི་ཨར་ལས་ལས་སྒྲུབ་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་བཀོད། ཟླ་བ་ཁ་ཤས་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཁོང་ལ་སྔོག་འདོན་འཕྲུལ་འཁོར་གྱི་ལག་ཁྱེར་རག་ནས་བྱེ་རའི་བཟོ་པ་དཀྱུས་མ་ནས་ཆེད་ལས་ལག་རྩལ་པར་གྱུར་ཡོད།
ལག་ཁྱེར་རག་ནས་ལས་ཀར་ཞུགས་རྗེས། བློ་གྲོས་རྒྱལ་མཚན་ལ་སྔོག་འདོན་འཕྲུལ་འཁོར་གཏོང་བའི་ལས་ཀའི་གོ་སྐབས་ཐོབ་པ་སྟེ། གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་ཉམས་བཟོ་དང་བུ་བཅོལ་ཁང་གི་རྩིག་རྨང་འདིང་བའི་ལས་ཀར་ཞུགས་པ་རེད།
དེའི་རྗེས་བློ་གྲོས་རྒྱལ་མཚན་གྱིས་སྨར་ཁམས་རྫོང་གི་རྒོད་པོ་ཤང་དང་། ཆུ་ཚན་ཁ་ཤང་། གྲུ་པ་རོང་ཤང་སོགས་ལ་ཕྱིན་པ་དང་། ཡུལ་ལུང་མི་འདྲ་བའི་ས་བབ་མི་འདྲ་བ་དང་ལས་གྲྭའི་རྣམ་གྲངས་ཀྱང་རིགས་སྣ་ཚོགས་ཡོད་་པས། ཁོང་གིས་ཀྱང་བརྒྱུད་རིམ་དེའི་ནང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད།
2017ལོར་ཁོང་ལ་སྔོག་འདོན་འཕྲུལ་འཁོར་ཉོ་བའི་འདུན་པ་དྲག་པོ་སྐྱེས། ཨ་ཞང་གི་རྒྱབ་སྐྱོར་འོག་བློ་གྲོས་རྒྱལ་མཚན་གྱིས་སྒོར་ཁྲི་55བཏང་ནས་སྔོག་འདོན་འཕྲུལ་འཁོར་རྙིང་པ་ཞིག་ཉོས།
ཁོང་གིས་ཕ་ཡུལ་གྱི་འགྲོ་ལམ་དང་། གློག་སྒྱུར་ས་ཚུགས། ཆུ་ཡུར་སོགས་རྣམ་གྲངས་མང་པོའི་འཛུགས་སྐྲུན་ནང་ཞུགས་ནས་སྨར་ཁམས་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེད་མི་སྒེར་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ལས་སྒོ་རྒྱ་བསྐྱེད་པ་དང་བསྟུན་ནས། ཁོང་གིས་སྔོག་འདོན་འཕྲུལ་འཁོར་ཁོ་ན་གཏོང་མཁན་ཞིག་བྱེད་རྒྱུར་བློ་ཡིད་ཚིམས་ནས་བསྡད་མེད།
ཨ་ཞང་ནི་ཁོང་གི་མི་ཚེའི་སློབ་སྟོན་པ་ཞིག་དང་འདྲ་བར་ཁོང་ལ་ཨར་ལས་བྱེད་པ་དང་སྔོག་འདོན་འཕྲུལ་འཁོར་གཏོང་བ་གཉིས་ནི་ཡོངས་སུ་གཅིག་མཚུངས་མིན་པར་དཀའ་ངལ་མང་པོ་ཁྱད་བསད་བྱེད་དགོས་པ་དྲན་སྐུལ་བྱེད་མཁན་ཞིག་ཡིན་མོད། འོན་ཀྱང་བློ་གྲོས་རྒྱལ་མཚན་གྱི་སེམས་སུ་འབྱུང་འགྱུར་ལ་རེ་བས་ཁེངས་ཏེ་ཨ་ཞང་གི་རོགས་རམ་འོག་ལས་གྲྭ་འགན་གཙང་བླངས།
རྣམ་གྲངས་ད་དུང་ལས་འགོ་བཙུགས་མེད་ཀྱང་། ཁོང་གིས་རང་ཉིད་ལ་ལས་གྲྭའི་འོས་ཐོབ་མི་འདང་བ་ཤེས་ནས་ཨ་ཞང་དང་གྲོས་མོལ་བྱས་ཏེ་ཨར་སྐྲུན་གྱི་འོས་ཐོབ་ལྡན་པའི་ཀུང་སི་ཞིག་ཉོ་སྒྲུབ་བྱས།
“ཨར་སྐྲུན་གྱི་འོས་ཐོབ་ལྡན་པས་ང་ཚོས་རྣམ་གྲངས་བརྩོན་ལེན་གང་ཐུབ་བྱས་པ་ཡིན” ལས་གྲྭ་ཨར་སྐྲུན་བྱེད་པར་སྟབས་བདེ་བསྐྲུན་ཆེད། 2020ལོར་ཁོང་གིས་དངུལ་བུན་གཡར་ནས་ཕི་ཁ་རླངས་འཁོར་ཞིག་ཉོས་ཏེ་སྔོག་འདོན་འཕྲུལ་འཁོར་ཁོ་ན་གཏོང་མཁན་ཞིག་ནས་ལས་གྲྭའི་རྣམ་གྲངས་ལ་རིམ་བཞིན་ཕྱོགས་སྒྱུར་བྱས་ཏེ་སྔོག་འདོན་འཕྲུལ་འཁོར་གྱི་རིན་ཐང་དེ་བས་མངོན་པར་བྱས་ཡོད།
བློ་གྲོས་རྒྱལ་མཚན་གྱིས་འབྲི་ཆུའི་ངོགས་ཀྱི་གྲོང་ཚོ་ཆུང་ངུ་ནས་དོན་ཏེ་བློ་རྩ་བརྟན་པོའི་ངང་ལམ་བར་གྱི་དཀའ་སྡུག་ལ་མ་འཛེམ་པར་རང་ཉིད་ལ་དབང་བའི་ཕྱུག་འགྱུར་གྱི་ལམ་བུ་བཏིང་བ་མ་ཟད། གཞོན་ནུ་དེ་བས་མང་བའི་སྣེ་ཁྲིད་ནས་ཁྱིམ་དར་ཕྱུག་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།