རི་གྲོང་ཆུང་ཆུང་གི“སྐར་གསོག་གསར་བརྗེ”
——རྒྱ་ཚ་རྫོང་ང་རབ་གྲོང་རྡལ་ཐང་སྨད་གྲོང་ཚོའི་ཁོར་ཡུག་སྲུང་སྐྱོང་དང་ཤེས་དཔལ་གྱི་ལག་ལེན་གསར་པའི་སྐོར་བཀོད་པ།

འདི་ནི་ཐང་སྨད་གྲོང་ཚོའི་ཏང་ཡོན་གྱིས་གྲོང་མིར་ཚུར་བསྡུའི་གད་སྙིགས་དབོར་རོགས་བྱེད་བཞིན་པ།

འདི་ནི་ཐང་སྨད་གྲོང་ཚོའི་ཏང་ཡོན་གྱིས་ཡུལ་མིར་ལྕགས་ཀྲིན་དབྱེ་གསེད་དང་རྩིས་ཐོ་འགོད་རོགས་བྱེད་བཞིན་པ།
སྟོན་དུས་སུ་ཡར་ཀླུང་གཙང་པོ་དལ་གྱིས་རྒྱུག་ཅིང་། གཙང་འགྲམ་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ང་རབ་གྲོང་རྡལ་ཐང་སྨད་གྲོང་ཚོའི་གད་སྙིགས་ཚུར་བསྡུའི་ཏང་དམངས་བཅོལ་ཉར་མཛོད་ཁང་མདུན་དུ་གྲོང་མི་ཚོས་ཅ་དངོས་སྣ་ཚོགས་བླུགས་པའི་འགྱིག་ཕད་སྒལ་པར་ཁུར་ནས་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་རྒྱུ་ཡོད། འགྱིག་ཕད་ནང་བླུགས་པ་ནི་ཡུན་རིང་གསོག་ཉར་བྱས་པའི་ལྕགས་ཀྲིན་དང་བེད་མེད་ཤོག་སྒམ་རེད།
“གད་སྙིགས་གཅེས་ནོར་དུ་གྱུར་པའི”འཕོ་འགྱུར་དེ་2022ལོར་ཐང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་འཕྱོངས་རྒྱས་རྫོང་དུ་ལྟ་སྐོར་སློབ་སྦྱོང་ལ་བསྐྱོད་པའི་ཉམས་མྱོང་ལས་བྱུང་ཤིང་། འཕྱོངས་རྒྱས་རྫོང་ཤེས་དཔལ་ལག་ལེན་དངུལ་ཁང་གི་སྐར་གསོག་བརྗེ་རེས་སྒོ་རྩིས་ཚོང་ཁང་དུ་བསོད་ནམས་ཚེ་རིང་གིས་ས་གནས་དེ་གའི་མང་ཚོགས་ཀྱིས་ཟོག་རོ་ཚུར་བསྡུ་དང་དང་བླངས་བྱེད་སྒོ་སོགས་ལ་ཞུགས་ནས་སྐར་མ་བསགས་པ་དང་དེ་རྗེས་སྐར་མ་སྤྱད་དེ་འཚོ་བའི་མཁོ་ཆས་བརྗེ་རེས་བྱས་པ་ལས་བཟང་པོའི་ཞོར་ལ་ཇ་ཆང་ཞེས་པའི་དཔེ་ལྟར་བྱ་བཟང་སྒྲུབ་ཞོར་ཅ་ལག་ཀྱང་རག་གི་ཡོད་པ་མཐོང་ཡོད།
“དེ་དུས་ང་འཕྱོངས་རྒྱས་རྫོང་དུ་ལྟ་སྐོར་བྱེད་སྐབས། ཐ་ན་སྐར་གསོག་རྩིས་ཁྲ་ཇི་ལྟར་འགོད་ཀྱི་ཡོད་མེད་ཀྱང་བཤུས་པ་ཡིན”“སློབ་སྦྱོང་དེས་ངའི་བསམ་ཕྱོགས་དེ་བས་གསལ་དུ་ཕྱིན་པས་གྲོང་ཚོར་ལོག་རྗེས་ཚོགས་འདུ་འཚོགས་ནས་རང་ཉིད་ཀྱི་བསམ་ཚུལ་བཤད་པ་ཡིན”ཞེས་བསོད་ནམས་ཚེ་རིང་གིས་དགོད་འཚེར་འཚེར་ངང་བཤད། འོན་ཀྱང་སྐར་གསོག་བརྗེ་རེས་སྒོ་རྩིས་ཚོང་ཁང་ཇི་ལྟར་བསྐྲུན་དགོས་མིན་དང་ཅ་ལག་ཉོ་བའི་དངུལ་གང་ནས་འཚོལ་དགོས་མིན་ཐད་གྲོང་ཚོའི་ལས་བྱེད་པར་དཀའ་ངལ་འཕྲད།
སྐར་གསོག་ལམ་ལུགས་ཀྱི་ལྟེ་བ་ནི“བརྗེ་རེས”བྱ་རྒྱུ་དེ་རེད། བརྗེ་རེས་བྱེད་ས་མེད་ན་ཡོད་ཚད་སྟོང་པ་རེད་ཅེས་པའི་སྐད་ཆ་དེས་གནད་འགག་གང་ལ་ཐུག་ཡོད་མེད་ཐད་ཀར་བསྟན། ཐང་སྨད་གྲོང་ཚོར་སྒོ་རྩིས་ཚོང་ཁང་ཆུང་ཆུང་གཉིས་ལས་མེད་པ་དེ་གཉིས་ཀ་ཕྱི་ནས་ཡོང་བའི་ཚོང་པས་གཉེར་སྐྱོང་བྱེད་ཀྱི་ཡོད་པས་བསོད་ནམས་ཚེ་རིང་གིས་སྔོན་ལ་ཁོང་ཚོར་གོ་སྐོན་བློ་འགུག་བྱ་རྒྱུའི་ཐག་བཅད།
“བསོད་ནམས་ཚེ་རིང་ཐེངས་དང་པོ་ཡོང་སྐབས་ངའི་ཚོང་ཁང་སྐར་གསོག་བརྗེ་རེས་སྒོ་རྩིས་ཚོང་ཁང་ལ་བསྒྱུར་ན་ཡག་པོ་ཡོད་ལུགས་བརྗོད་ཀྱང་ངས་ཁས་བླངས་མེད”ཅེས་ཚོང་པ་ཀྲུའུ་ལི་ཡིས་སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་བཞིན་ད་དུང་ཡང་དེ་ནི་དོན་དངོས་དང་འཚམ་པོ་མེད་པའི་ངོས་འཛིན་བྱས། “ངའི་བསམ་པར་སྐར་གསོག་ནི་དངུལ་མིན་པས། ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཅ་ལག་བརྗེ་བར་ཡོང་ན་ངའི་མ་རྩ་རྡིབ་མ་ཡོང་ངམ་སྙམ་བྱུང་། དེས་མ་ཚད། སྐར་མ་དེ་རྩིས་ཇི་ལྟར་རྒྱག་དགོས་མིན་དང་ཐོ་ཇི་ལྟར་རྒྱག་དགོས་མིན་ངས་གཏན་ནས་ཤེས་ཀྱི་མེད”ཅེས་བརྗོད།
འོན་ཀྱང་བསོད་ནམས་ཚེ་རིང་གིས་སེམས་ཤུགས་མ་ཆག་པར་ཉིན་ལྟར་ཁོང་ཚོར་དེའི་སྐོར་ཤོད་པར་འགྲོ་བ་དང་། ད་དུང་གྲོང་སྡོད་ལས་དོན་རུ་ཁག་འབོད་དེ་མཉམ་དུ་སྐར་གསོག་བརྗེ་རེས་ཀྱི་རྩིས་བརྒྱབ་པ་སྟེ། འགྲོ་སོང་ཚང་མ་གྲོང་ཚོ་མཉམ་སྡེབ་ནས་གཏོང་རྒྱུ་དང་། ཚུར་བསྡུ་བྱས་པའི་གད་སྙིགས་ཀྱང་དངུལ་དང་བརྗེ་ཆོག་པས་མ་རྩ་དེ་ནས་འདོན་གྱི་ཡོད། ཡུལ་མི་སྤུན་ཟླ་ཚོས་ཅ་ལག་བརྗེ་སྐབས་སྒོ་རྩིས་ཚོང་ཁང་དུ་ཡོང་མཁན་ཡང་མང་པོ་ཡོད་པ་དང་སྒོ་རྩིས་ཚོང་ཁང་གིས་སྐར་གསོག་གསལ་ཐོ་ལྟར་ཚོང་ཟོག་བརྗེ་རེས་བྱས་ན་འགྲིག་པ་དང་གད་སྙིགས་བཙོངས་པའི་ཁེ་བཟང་ནས་སྔོན་ལ་སྒོ་རྩིས་ཚོང་ཁང་ལ་ཁ་གསབ་བྱེད་ཀྱི་ཡོད།
སྔོན་ལ་གྲ་སྒྲིག་ལས་དོན་རབ་དང་རིམ་པ་སྤེལ་རྗེས། མཐར་ཐང་སྨད་གྲོང་ཚོའི“ཏང་དང་མང་ཚོགས་ཀྱི་སྐར་གསོག་བརྗེ་རེས་སྒོ་རྩིས་ཚོང་ཁང”གཉིས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་དང་། གྲོང་ཚོས་ད་དུང་སྒོ་རྩིས་ཚོང་ཁང་ལ་སྐར་གསོག་བརྗེ་རེས་གསལ་ཐོ་བཟོ་རོགས་བྱས། གད་སྙིགས་རིགས་མི་འདྲ་བར་གཞིགས་ནས་སྐར་མ་ཚད་འཇལ་སྟངས་གཏན་འཁེལ་བྱས་ཏེ། སྐར་མ་80ལ་སྒོར་8རི་བ་གསལ་པོར་བཟོས་ནས་འཚོ་བའི་མཁོ་ཆས་དག་བརྗེ་རེས་བྱས་ཆོག་པའི་ཚོང་ཟོག་ནང་བཅུག་སྟེ་ཁྲོམ་རའི་རིན་གོང་ལྟར་སྐར་མ་ག་ཚོད་ཐོབ་ཀྱི་ཡོད་མེད་ཞིབ་རྩིས་བརྒྱབ་པ་རེད། ཡུལ་མིས་སྐར་མ་བསགས་ཆོག་ལ། སྐར་གསོག་གཱ་ལ་བརྟེན་ནས་ཚོང་ཟོག་བརྗེས་ནའང་ཆོག་གི་ཡོད་པ་རེད།
“སྐར་མ་800ལས་བརྒལ་བའི་གྲོང་མིར་ང་ཚོས་ད་དུང་བྱ་དགའ་སྒོར་200སྤྲོད་ཀྱི་ཡོད་པ་དང་། སྐར་མ་500ལས་བརྒལ་བའི་གྲོང་མིར་བྱ་དགའ་སྒོར་100སྤྲོད་ཀྱི་ཡོད། སྐར་མ་མཇུག་ཤོས་ཀྱི་གྲོང་མིར་ང་ཚོས་སྤྱི་པའི་ས་ཁོངས་སུ་གཙང་སྦྲ་འཕྲོད་བསྟེན་བྱེད་དུ་འཇུག་པའི་ཆད་པ་གཏོང་གི་ཡོད་པ་དང་། དུས་མཚུངས་སུ་སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་བྱེད་པའི་སྐབས་སུ་སྤ་སེ་གཅིག་གིས་ཁྲུ་སློག་གི་ཡོད”ཅེས་བསོད་ནམས་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད་པ་དང་། ཁོང་གིས་སྐར་གསོག་དེ་སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་དང་། གྲོང་མིའི་ཐོབ་ཐང་། ལོ་འཁོར་གྱི་དཔྱད་ཞིབ་སོགས་དང་འབྲེལ་བ་བྱས་པས། ཏང་ཡོན་མང་ཚོགས་གྲོང་གསེབ་བཅོས་སྐྱོང་ལ་ཞུགས་པའི་ཧུར་སེམས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ཡུལ་མི་རྣམས་བེད་མེད་དངོས་རྫས་ཉར་ཚགས་བྱེད་པར་སྟབས་བདེ་སྐྲུན་ཆེད། གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་སྤྱད་དེ་གད་སྙིགས་ཚུར་བསྡུའི་ཏང་དམངས་ཉར་ཚགས་མཛོད་བསྐྲུན་ནས་དབྱེ་གསེད་ལས་སྟེགས་དང་། རྒྱ་མ། སྐར་གསོག་ནང་འཇུག་མཐའ་སྣེ་བཅས་བསྒར་ཡོད། “དེ་སྔོན་གད་སྙིགས་ཚང་མ་དབྱུགས་ཀྱི་ཡོད། ད་ཆ་མཛོད་ཁང་དུ་བསྐྱལ་ན་སྐར་མ་བརྗེ་ཐུབ་པས་སྟབས་བདེ་པོ་འདུག”ཅེས་ཡུལ་མི་བསོད་ནམས་ཟླ་བས་དེ་ལྟར་བཤད་པ་དང་། ཁོང་ཁྱིམ་གྱིས་ཟླ་བ་གོང་མར་ལྕགས་ཀྲིན་དང་ཤོག་སྒམ་ཚུར་བསྡུ་བྱས་པའི་ཐོག་སྒོ་རར་གཙང་སྦྲ་བྱས་པའི་སྐར་མ་བསྣན་རྗེས་གྲོ་ཞིབ་དང་འདག་ཁུ་སོགས་འཚོ་བའི་མཁོ་ཆས་བརྗེས་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་4པར་ཡུལ་མིས་སྤྱི་རྒྱ་186ཡོད་པའི་ལྕགས་ཀྲིན་དང་སྤྱི་རྒྱ་1405ཟིན་པའི་ཤོག་སྒམ་རིགས་དབྱེ་ནས་རྒྱ་མར་བཀྱག་རྗེས་མཐར་ཁོར་ཡུག་སྲུང་སྐྱོང་གི་ཁེ་འབབ་སྒོར་2104བྱུང་ཡོད། ད་ཐེངས་ཀྱི་སྐར་མ་བརྗེ་རེས་བྱེད་སྐབས་ཡུལ་མི་ཚེ་རིང་སྒྲོལ་དཀར་གྱིས་སྐར་གསོག་སྤྱད་དེ་དབུགས་རྡིག་གསར་རྐྱང་ཞིག་བརྗེས་པ་རེད།
འབྲེལ་ཡོད་གསར་འགྱུར།