སྙེ་མོ་རྫོང་མར་རྐྱང་ཤང་གིས་མི་ཐབས་ལ་བརྟེན་ནས་ཡུག་པོ་མུའུ་7000བཏབ་པ།
གྲོང་གསེབ་དར་རྒྱས་ཡར་ངོའི་ཟླ་ལ་འགྲན། ཡུག་པོའི་ཐོན་འབབ་ཡར་ཆབ་རྒྱུན་བཞིན་རྒྱས།
ཇོ་མོ་གངས་རིའི་འདབས་སུ་ཆགས་པའི་སྙེ་མོ་རྫོང་མར་རྐྱང་ཤང་གི་མི་ཐབས་རྩྭ་འདེབས་ར་བ་དེ་ཉི་འོད་འོག་ཡངས་ཤིང་ས་རྒྱ་ཆེ། 2025ལོའི་མར་རྐྱང་ཤང་གི་ཡུག་པོ་བརྔ་བསྡུའི་ལས་དོན་སྤེལ་འགོ་བརྩམས་ཤིང་། ཞིང་ནང་དུ་ཡུག་པོས་མགོ་ལྕོག་ལྡེམ་པ་དང་། འཕྲུལ་འཁོར་ནས་ལྡིར་སྒྲ་གྲགས་པ། འབྲོག་པའི་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་བཅས་ལོ་ལེགས་ཀྱི་རྣམ་པ་ལས་གྲོང་གསེབ་དར་རྒྱས་ཀྱི་ཉམས་བཟང་ལེགས་པར་མངོན་ཡོད།
2017ལོར་མར་རྐྱང་ཤང་གིས་མི་ཐབས་རྩྭ་འདེབས་ཀྱི་ལམ་བུར་བསྐྱོད་པ་ནས་བཟུང་། ད་ཆ་ཡུག་འདེབས་རྩྭ་ར་མུའུ་7000ཟིན་ནས་འབྲོག་པ་ཚོའི་རྫོགས་ལྡན་འབྲོག་ར་ལྟ་བུར་གྱུར་ཡོད། འབྲོག་པའི་འདེབས་གསོའི་མ་གནས་དམའ་རུ་གཏོང་ཆེད། གོང་རིམ་སྡེ་ཚན་གྱིས་རིན་པ་མི་དགོས་པར་སོན་སྤྲད་པ་དང་སྔོན་ནས་ས་ཁོད་སྙོམས་སྟབས། འབྲོག་དུད་400ལྷག་ཙམ་གྱི་སེམས་ཁྲལ་སེལ་ཞིང་། ལོ་ལྟར་གྱི་ཟླ་བ་བཅུ་པའི་ཟླ་མཇུག་ནས་ཟླ་བ་བཅུ་གཅིག་པའི་ཟླ་འགོའི་བར་ནི་རྩྭ་རར་ལས་བྲེལ་ཆེ་བའི་སྒང་ཡིན་ལ། ད་ལོ་ཡང་ལས་བྲེལ་དེ་བས་ཆེ།
ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། མུའུ་རེ་ནས་ཡུག་པོའི་ཐོན་འབབ་རྒྱ་མ་སྟོང་ཡས་མས་ལོན་པ་དང་། དེ་འདྲའི་ལོ་ལེགས་འབྲས་བཟང་དག་འབྲོག་དུད་400ལྷག་ཙམ་གྱི་འཚོ་རྟེན་དང་རེ་བ་བཅོལ་སར་གྱུར་ཡོད།
ཚང་མར་དགའ་བ་སྐྱེ་འོས་པ་ཞིག་ནི། དངུལ་ཁུག་ནང་གི་དངུལ་ཉིན་རེ་བཞིན་འབེལ་དུ་སོང་བའི་སྐྱིད་སྣང་དེ་ལགས། གོང་རིམ་སྡེ་ཚན་གྱི་རོགས་རམ་ལ་བརྟེན་ནས་ཡུག་པོའི་ཐོན་ལས་དེ་འདེབས་འཛུགས་ནས་བརྔ་བསྡུའི་བར་ཆ་ལག་ཚང་པོ་ཞིག་ཆགས་ཏེ། འབྲོག་པ་མང་ཚོགས་ཞིང་ནང་གཡོག་བྱེད་ལ་ཞུགས་རྒྱུ་བྱུང་བ་མ་ཟད། བརྔ་བསྡུ་བྱས་པའི་ཐོབ་ཆའང་རག་ཡོད། ད་ཆ་ས་གནས་ཀྱི་འབྲོག་དུད་མི་རེ་ངོ་རེར་ཡོང་འབབ་མང་ཤོས་ལ་སྒོར་ཁྲི་གཅིག་ཙམ་དང་། ཉུང་བར་ཡང་སྒོར་ལྔ་སྟོང་དྲུག་སྟོང་ཟིན་ཏེ། ཡོང་འབབ་བརྟན་དུ་སོང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་ཡོད།
མར་རྐྱང་ཤང་ནི་འབྲོག་ལས་རྐྱང་པ་ཞིག་ཡིན་པ་དང་། འདས་པའི་དུས་ཡུན་རིང་པོའི་ནང་། རང་བྱུང་རྩྭ་ར་ཐེག་ཚད་ལས་བརྒལ་བ་དང་། དེར་གངས་སྐྱོན་བྱུང་བའི་དབང་གིས་གཟན་རྩྭ་དུས་ཐུང་ནང་དཀོན་པོར་གྱུར་པ་སོགས་ཀྱི་དཀའ་ངལ་འཕྲད་དེ་འབྲོག་པའི་ཡོང་སྒོར་སྐྱོན་ཆེན་པོ་བཟོས་ཡོད། དཀའ་ངལ་དེ་ཐག་གཅོད་བྱ་ཆེད། 2017ལོར་མར་རྐྱང་ཤང་ཏང་ཨུད་དང་སྲིད་གཞུང་གིས་གྱང་ཉལ་གྲོང་ཚོ་དང་སྟབས་བྱུང་གྲོང་ཚོར་གཞི་ཁྱོན་ཆེན་པོས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྣམ་གྲངས་ལག་ལེན་བསྟར་ཞིང་། ཡོངས་བསྒྲགས་འོས་འགུགས་འོས་དཔོད་བྱས་ནས་ཕྱོགས་གསུམ་པའི་ཀུང་སི་བཀུག་པ་དང་། གཅིག་གྱུར་ཐོག་ཡུག་པོ་སོགས་ཀྱི་གཟན་རྩྭའི་སོན་མཁོ་འདོན་བྱས་པ་མ་ཟད། རྩྭ་རའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པའི་ནང་སོན་དང་རྩྭ་ར་ཕྱེད་ཙམ་ལ་ཤང་སྲིད་གཞུང་གིས་ཐད་ཀར་རྒྱབ་སྐྱོར་བྱས་ཐོག་འབྲོག་པར་སྲོལ་རྒྱུན་གྱི་འདེབས་གསོ་བྱེད་སྟངས་ལ་འགྱུར་བ་གཏོང་རྒྱུར་ཁྲིད་སྟོན་གྱིས“མི་ཐབས་རྩྭ་འདེབས་དང་མཉམ་ལས་ཁང་གི་རྒྱགས་གསོ་ཟུང་འབྲེལ”གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་སྟངས་རིམ་པས་ཆགས་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། མར་རྐྱང་ཤང་གིས་མི་ཐབས་རྩྭ་འདེབས་ལ་བརྟེན་ནས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད། རྩྭ་རར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ནས་འབྲོག་པའི་ཡོང་འབབ་གསོག་པའི་ནོར་གཞོང་ལྟ་བུར་གྱུར་ཞིང་། “2017ལོ་ནས་རྩྭ་ར་འདིར་གཟན་རྩྭ་འདེབས་འགོ་ཚུགས་ཡོད། དེ་སྔོན་མང་ཚོགས་ལ་ཡོང་འབབ་བརྟན་པོ་མེད། རྩྭ་བཏབ་རྗེས་གྲོང་ཚོའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མར་ལས་ཀ་ལས་རྒྱུ་ཡོད”ཅེས་སྟབས་བྱུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཚེ་དབང་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཐོན་སྐྱེད་བྱས་པའི་རྩྭ་སོ་སོས་སྤྱོད་ཆོག་པ་མ་ཟད། ཕྱུགས་ལའང་སྟེར་ཆོག་གི་ཡོད། ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་ལ་བརྟེན་ནས། ཚང་མའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་སོང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས“སྲིད་གཞུང་གིས་རོགས་སྐྱོར་དང་། མཉམ་ལས་ཁང་གིས་སྐུལ་ཁྲིད། མང་ཚོགས་ཞུགས་པ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་འབྲོག་དུད་400ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཤང་སྲིད་གཞུང་གིས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་བྱས་པ་ལས་འབྲོག་པའི་ཐོན་སྐྱེད་ཀྱི་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཞིང་། མཉམ་ལས་ཁང་གིས་གཞི་ཁྱོན་ལྡན་པའི་རྒྱགས་གསོ་དང་གཅིག་གྱུར་བྲིན་ཚོང་བརྒྱུད། གཟན་རྩྭ་ཡོང་འབབ་དངོས་ལ་བསྒྱུར་ནས་འབྲོག་པས་དངུལ་ཐོལ་པ་སྤྲོད་མི་དགོས་པར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།