“མཉམ་གཉིས”ཀྱི་བཀྲག་མདངས་བྱང་ཐང་དུ་འཚེར་བ།
ནག་ཆུ་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོར་ཁྱབ་པའི་གཞི་རིམ་བཅོས་སྐྱོང་གི་དྲ་བ་ཞིག་བསྐྲུན་པ།

འདི་ནི་ཚེ་རིང་སྒྲོལ་མས་འོད་ཤུགས་སྒྲིག་ཆས་ཤིག་ཉམས་བཟོ་བྱེད་བཞིན་པ།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་དགའ་བདེ་འབྲོག་རར་ལོ་20ལ་སླེབས་པའི་འབྲོག་མོ་ཚེ་རིང་སྒྲོལ་མས་འོད་ཤུགས་གློག་འདོན་གྱི་སྒྲིག་ཆས་མདུན་དུ་སྒུར་སྒུར་བྱས་ཏེ་སྒྲིག་ཆས་ཉམས་བཟོ་བྱེད་བཞིན་འདུག ས་མཐོའི་བསིལ་རླུང་གྲང་མོ་ཁོང་གི་བཞིན་ལ་ལྡང་ཡང་ངོ་གདོང་གི་ཤ་རྩི་ཅུང་ནག་ཀྱང་དམར་མདངས་རྒྱས་པའི་ཁྲོད་ནས་འཛུམ་དམུལ་དམུལ་བྱེད་བཞིན་འདུག ད་ཆ་ཁོང་ནི་འབྲོག་ཁུལ་དུ་ཅུང་མིང་གྲགས་ལྡན་པའི“འོད་ཤུགས་བཟོ་པ”ཞིག་ཏུ་གྱུར་ཏེ་ཧ་ཅང་བྱང་ཆ་དོད་པོས་སྒྲིག་ཆས་ཀྱི་སྐྱོན་བཟོ་ཞོར་གསར་འགོད་པར་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས།
“ན་ནིང་ང་གྲོང་ཁྱེར་གྱི‘མཉམ་གཉིས’འབད་འབུངས་མདུན་སྐྱོད་རུ་ཁག་གིས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་ཡིན། ད་ཆ་གྲོང་ཚོའི་འོད་ཤུགས་སྒྲིག་ཆས་བཟོ་བའི་འགན་འཁུར་བཞིན་ཡོད”ཅེས་བཤད་ཞོར་ཚེ་རིང་སྒྲོལ་མས་གཅུད་གཟེར་མཇུག་ཤོས་དེ་མིག་ཡུད་ཙམ་ལ་བསྒྲིམས། འགྲམ་གྱི་འོད་ཤུགས་ལེབ་མོ་དེ་ས་མཐོའི་ཉི་ཟེར་འོག་འོད་མདངས་ཆེམ་ཆེམ་འཕྲོ་བ་ནི་ཁོང་གི་ལུས་ལ་ཆེད་དུ་ཕྱི་གོས་ཤིག་གཡོགས་པ་དང་གཉིས་སུ་མ་མཆིས།
དེ་ནི་ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྒྲིག་གསར་གཏོད་ཀྱི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད། 2023ལོའི་ཟླ་བདུན་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་གསོ་སྦྱོང་སྒྲིག་འཛུགས་ལྡན་པ་དང་མ་ལག་ཚང་བའི་སྒོ་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་མང་ཚོགས་ཀྱི་རྩལ་ནུས་འཇོན་ཐང་ནུས་ལྡན་ངང་ཆེ་རུ་བཏང་བས། མང་ཚོགས“གཞན་དབང་ནས་རང་འགུལ་བཅོས་སྐྱོང་བྱེད་མཁན”དུ་འགྱུར་རྒྱུར་སྐུལ་མ་ཐེབས་ནས། སྤྱི་ཚོགས་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་སྤྱོད་གཅིག་མཐུན་བྱུང་ཞིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་གསོ་སྦྱོང་སྣ་ཚོགས་ཐེངས་1348བྱས་པར་མི་ཐེངས་ཁྲི་3.37ལ་ཁྱབ་པ་མ་ཟད། གསོ་སྦྱོང་གི་ནང་དོན་ཡང་ངལ་ནུས་གསོ་སྦྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་ཀྱི་གཙོ་གནད། བཅའ་ཁྲིམས་ཀྱི་རྒྱུན་ཤེས། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད། “ལྟེ་བའི་འགག་གནད”ཅིག་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱིས“མཉམ་གཉིས”འབད་འབུངས་མདུན་སྐྱོད་རུ་ཁག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཉིང་ལག་རུ་ཁག་1329ཀྱི་རུ་མི་ཁྲི་3.3དང་སྤྱི་འདོམས་སྦྲེལ་མཐུད་ཀྱིས་ས་ཁོངས་ཧྲིལ་པོར་ཁྱབ་པའི་གཞི་རིམ་བཅོས་སྐྱོང་གི་དྲ་བ་ཞིག་བསྐྲུན་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། “མཉམ་གཉིས”འབད་འབུངས་མདུན་སྐྱོད་རུ་ཁག་གིས་ལས་དོན་སྤེལ་བ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཚད་96%བར་མཐོ་རུ་དང་། ཞིང་འབྲོག་པ་རང་འགུལ་ངང་བདེ་འཇགས་འགོག་སྲུང་དང་ཚོད་འཛིན་བྱ་བར་ཞུགས་ཚད་83%ཡན་མཐོ་རུ་ཕྱིན་ཡོད། ཞིང་འབྲོག་པ་སྔར་ལས་མང་བ་གཞི་རིམ་བཅོས་སྐྱོང་ནང་ཞུགས་པས་འབབ་འཕར་ཕྱུག་འགྱུར་དང་ཡུན་རིང་བདེ་འཁོད་གཉིས་མཉམ་སྤྱོད་གཅིག་མཐུན་བྱུང་བ་དེས་གངས་ལྗོངས་ས་མཐོ་དེང་རབས་ཅན་གྱི་བཅོས་སྐྱོང་འགྲོ་ལམ་དུ་བསྐྱོད་ཐུབ་ནས་གནམ་དང་བར་ཐག་ཉེ་ཤོས་ཀྱི་ས་གཞིར་རྩ་བ་ཚུགས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།