བོད་བྱང་ཐང་གི་ཁྱིམ་ཚང་འབྲོག་ར་དེ་དེང་རབས་ཀྱི་རྣམ་པ་གསར་པའི་འབྲོག་རར་གྱུར་པ།
ཞོགས་པའི་ཉི་གཞོན་འཕྲོ་བ་དང་བསྟུན་ནས་ནག་ཆུ་གྲོང་ཁྱེར་སོག་རྫོང་ལྕམ་མདའ་ཤང་རྡེའུ་ཧྲུག་ཁ་གྲོང་ཚོའི་གཡག་ཁྱུང་བུ་ཁྱིམ་ཚང་འབྲོག་རར་འབྲི་གཡག་དང་འབྲོག་པའི་སྐད་སྒྲ་ལྷང་ལྷང་དུ་གྲགས། འབྲོག་རའི་སྦྱིན་བདག་བཀྲ་ཤིས་དོན་གྲུབ་ཀྱིས་འབྲི་གཡག་གི་ཁྱུ་ཚོགས་དེད་བཞིན་རྩྭ་རར་དལ་བུའི་ངང་བསྐྱོད།
ས་སྲོས་མཚམས་སུ། འབྲོག་ར་ནས་བྲེལ་བརྩོན་ཆེ་ལ་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་མངོན་ཞིང་། བཀྲ་ཤིས་དོན་གྲུབ་ཀྱི་ནང་མི་བཀྲ་ཤིས་ལྷ་སྐྱིད་ཀྱིས་འོ་མ་བཞོས་རྗེས་ཐབ་སྟེང་དུ་ཚ་པོ་བཟོས་ནས་དྲོད་ཚད་རན་པོ་བྱུང་རྗེས་འོ་ཟོའི་ནང་བླུགས་ཏེ་ཁ་དམ་པོར་བརྒྱབ་ནས་བསྙལ། ཆུ་ཚོད་གཉིས་སོང་རྗེས་སྤུས་དག་ཅིང་རོ་བཅུད་ཆེ་བའི་ཞོ་ཆགས་ཤིང་། དེའི་ནང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་འབྲོག་ཁུལ་གྱི་བློ་གྲོས་བསྡུས་ཡོད་ལ་འཛད་སྤྱོད་པས་སྤུས་ཚད་མཐོ་བའི་འཚོ་བ་དོན་གཉེར་བྱེད་པའང་མངོན་ཡོད།
སྔ་དགོང་གི་འཚོ་བའི་རྣམ་པ་དེ་ནི་སྐར་ཁུང་ཞིག་དང་འདྲ་བར་གཡག་ཁྱུང་བུའི་ཁྱིམ་ཚང་འབྲོག་རའི་དེང་རབས་ཅན་གྱི་ཕྱོགས་སྒྱུར་ལམ་བུ་གསལ་ཐིང་ངེར་མངོན། ད་ལོའི་ཟླ་བ་བཞི་པར་འབྲོག་ར་དེར་སོག་རྫོང་ལྕམ་མདའ་ཤང་གི་འབྲོག་ལས་གསོ་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཏེ་བཙུགས་པ་དང་སྔོན་ཆད་ཀྱི་རང་ཉིད་ཀྱིས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པ་དང་གཉེར་སྐྱོང་ཐར་ཐོར་བྱེད་པའི་སྲོལ་རྒྱུན་རྣམ་པ་ནས་ཁྱིམ་ཚང་ཚན་པར་བྱས་པ་དང་དེང་རབས་ཅན་གྱི་ལེགས་བསྡུས་ཞིབ་གཉེར་གྱི་གསོ་སྤེལ་བྱེད་སྟངས་གཙོ་བོར་བྱས་པའི་གཉེར་སྐྱོང་བྱེད་པོ་གསར་པར་འཕེལ་རྒྱས་ཕྱིན་ཐོག “ཁྱིམ་ཚང་འབྲོག་ར་+དེང་རབས་ཅན་གྱི་གསོ་སྤེལ”ཟུང་དུ་འབྲེལ་བའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
འབྲོག་རས་སྐྱེ་ཁམས་འཚོ་སྐྱོང་དང་ཚན་རིག་དང་མཐུན་པའི་དོ་དམ་གལ་ཆེ་མཉམ་འཛིན་བྱས་ཤིང་། ནད་རིགས་སྔོན་འགོག་དང་ཚོད་འཛིན་དང་རྒྱུད་པ་ལེགས་གཏོང་ཐད་རྒྱུན་མཐུད་མ་འཇོག་བྱས་པར་བརྟེན། འབྲི་གཡག་གསོན་ཚད་དང་བཤས་གཏོང་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཡང་ཆེ་རུ་སོང་ཡོད། འབྲོག་རས་ད་དུང་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ཞིང་། འགྲེམས་ཚོང་འདུ་ཚོགས་དང་རིག་གནས་དུས་ཆེན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་ས་མཐོའི་སྤུས་ལེགས་ཀྱི་ཚགས་ཤ་དང་། དཀར་ཆུའི་ཐོན་རྫས། ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་འབྲོག་ར་ནས་རྒྱ་ཆེའི་ཁྲོམ་རར་འཚོང་ཐུབ་པར་བྱས་ཡོད། ཐོན་རྫས་དེ་དག་ཀྱང་སྔ་རྗེས་སུ་སོག་རྫོང་གི་གེ་སར་རྒྱལ་པོའི་བཙུན་མོ་འབྲུག་མོའི་རིག་གནས་དང་ཡུལ་སྐོར་གྱི་རོལ་དབྱངས་དགའ་ནེའུ་དུས་ཆེན་དང་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་སོགས་འགྲེམས་ཚོང་ལས་སྟེགས་སུ་མངོན་པ་དང་། ལྷད་མེད་དང་གཙང་བའི་ཁྱད་ཆོས་ལ་བརྟེན་ནས་འཛད་སྤྱོད་པ་སྔར་བས་མང་བའི་ཁས་ལེན་ཐོབ་ཡོད།
བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། “མིག་སྔར། འབྲོག་རར་འབྲི་གཡག་200ལྷག་ཡོད་པ་དང་མ་འོངས་པར་འབྲི་གཡག་1000བར་རིམ་བཞིན་མང་དུ་གཏོང་བའི་འཆར་གཞི་ཡོད་པ་དང་། རང་སྤེལ་རང་གསོ་དང་རྒྱུད་བཟང་ནང་འདྲེན་ཟུང་འབྲེལ་བརྒྱུད། ལག་ཡོད་མགོ་གྲངས་དང་སྤུས་ཚད་མཐོ་རུ་བརྟན་པོ་བཏང་ཡོད། དུས་མཚུངས་སྣ་མང་ཁྲོམ་རའི་དགོས་མཁོ་དང་རྒྱུན་མཐུད་འབྲེལ་མཐུད་བྱས་ནས་ཚགས་ཤ་དང་དཀར་ཆུའི་ཐོན་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ། སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་གི་ཡོད། བསྐྱར་བཟོ་རུང་བའི་གཉེར་སྟངས་ཆགས་གང་ཐུབ་བྱས་ནས་ཉེ་འཁོར་གྱི་འབྲོག་དུད་མཉམ་ལས་ཀྱི་གསོ་ཚགས་དང་། གཅིག་གྱུར་ཕྱིར་ཚོང་། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་ཁྲིད་བྱས་ཏེ། ལྕམ་མདའི་འབྲོག་ལས་ཐོན་ལས་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་ཐུབ་པར་བྱེད་ཀྱི་ཡིན”
ད་ཆ་གཡག་ཁྱུང་བུ་ལྟ་བུའི་ཁྱིམ་ཚང་འབྲོག་ར་ནི་བྱང་ཐང་ས་མཐོར་གཅིག་རྗེས་གཉིས་མཐུད་ངང་དར་རྒྱས་ཆེན་པོ་འབྱུང་བཞིན་ཡོད་ཅིང་། དེ་དག་གིས་འབྲོག་ཁུལ་སྒྱུར་བཅོས་ཟབ་ཏུ་བཏང་བ་མ་ཟད། ཕྱོགས་སྒྱུར་རིམ་སྤོར་གྱི་ཉམས་མྱོང་རྩ་ཆེན་སྔར་བས་འཚོལ་ཞིབ་བྱས་པས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།