དབུ་ཤོག>ཞིང་འབྲོག་གསར་པ།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་གྲོང་གསེབ་སྡོད་ཁང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    “སྡོད་སའི་ཁང་པ་ཡོད་པ”ནས“སྡོད་སའི་ཁང་པ་ཡག་པོ་ཡོད་པའི”བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-14

    མཐོ་སྒང་གྲོག་རོང་དང་ཡར་ཀླུང་གཙང་པོའི་ངོགས་སུ་བོད་བཟོའི་སྡོད་ཁང་གསར་པ་རེ་རེ་གྲལ་སྟར་འགྲིག་པ་དང་སྣུམ་ནག་གཞུང་ལམ་རེ་རེ་གྲོང་མིའི་ཁྱིམ་གྱི་སྒོ་ཁའི་བར་བཟོས་ཤིང་། ཁྱིམ་ཚང་མེ་རེ་ངོ་རེའི་ཐོག་ཁར་ལྷབ་ལྷུབ་གཡོ་བའི་སྐར་ལྔའི་དར་དམར་དང་གནམ་སྔོན་སྤྲིན་དཀར་གཅིག་ལ་གཅིག་བརྒྱན་ལྟར་ཡིད་དུ་འོང་། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་གྲོང་གསེབ་ཀྱི་སྡོད་ཁང་སྒྱུར་བཀོད་ཀྱི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ཞིང་པ་སྔར་བས་མང་བ་གུ་ཡངས་ལ་དཀར་ཆ་དོད་པ་དང་སྒྲིག་བཀོད་འཐུས་སྒོ་ཚང་བའི་དེང་རབས་ཅན་གྱི་སྡོད་ཁང་གསར་པའི་ནང་སྤོས་ཏེ། བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་འགོ་ཚུགས་ཡོད།

    སྣང་རྫོང་གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོའི་བགྲེས་སོང་བཀྲ་ཤིས་དངོས་གྲུབ་ཀྱི་གསར་ཏུ་བསྐྲུན་པའི་ཁྱིམ་དུ་བསྐྱོད་པ་ན། དཀར་གཙང་ལྡན་པའི་གྱང་ལྡེབས་དང་རྫ་གཡམ་སྐྱ་བོ་མིག་ལམ་འདུ་འཆར་ཞིང་། སྒོ་རའི་ནང་མེ་ཏོག་ཚོམ་བུར་བཞད་པ་མ་ཟད། ཤེལ་ཁང་ནང་གི་འབོལ་ཁྲི་མཉེན་འཇམ་ལྡན་པ་དང་གྱང་ངོས་སུ་སྲོལ་རྒྱུན་རིག་གནས་ཀྱི་རི་མོ་སྣ་ཚོགས་ཀྱིས་བརྒྱན་ཡོད། གཙང་སྦྲ་དོད་པའི་ཐབ་ཚང་དུ་གཡོ་སྦྱོར་ཐབ་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་འཛོམས་ཡོད་ལ་སྡོད་ཁང་གསར་པའི་འཚོ་བ་སྟབས་བདེ་ལ་སྐྱིད་སྣང་ཡང་ལྡན།

    “རྒྱལ་ཁབ་ཀྱི་བཀའ་དྲིན་ལས་རྒད་པོ་ང་ཡང་ཁང་པ་ཡག་པོ་འདི་འདྲ་ཞིག་གི་ནང་སྡོད་རྒྱུ་བྱུང་སོང”ཞེས་བཀྲ་ཤིས་དངོས་གྲུབ་ཀྱིས་བརྗོད།

    མི་སེར་གྱི“གནས་འཕྲོད་ཀྱི་ཕུགས་འདུན”འགྲུབ་ཆེད། ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་དང་ཡོམ་འགོག་སྒྱུར་བཀོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་མ་ཟད། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས“མང་ཚོགས་རང་མོས་དང་། ཡུལ་བབ་དང་མཐུན་པ། རིམ་པས་གོང་སྤེལ”བཅས་ཀྱི་རྩ་དོན་ལྟར། དེང་རབས་ཀྱི་གནས་འཕྲོད་ཁང་པའི་འཛུགས་སྐྲུན་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་མང་ཚོགས་སྔར་བས་མང་བ་ཁང་པ་གསར་པ་དང་། ཁང་པ་ཆེན་པོ། ཁང་པ་ཡག་པོ་བཅས་ཀྱི་ནང་སྡོད་ཐུབ་པར་བྱས་ཡོད། ད་ལོའི་ཟླ་5པའི་བར་སྣང་རྫོང་གིས་ཚོད་ལྟ་བྱེད་པ་ནས་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་ཕྱོགས་ཡོངས་ནས་ཁྱབ་གདལ་དང་ལག་བསྟར་བྱས་ཤིང་། ཁྱོན་བསྡོམས་དུད་ཁྱིམ་899ཡི་མི་3681ལ་ཕན་པ་ཐོབ་སྟེ་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    བླ་གདན་ཞོལ་གྲོང་ཚོ་ནི་རེས་སྐོར་འདིའི་གྲོང་གསེབ་ཀྱི་སྡོད་ཁང་སྒྱུར་བཀོད་ཁྲོད་ཕན་པ་ཐོབ་པའི་གྲོང་ཚོ་ཞིག་རེད། གྲོང་ཚོ་དེས“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། མང་ཚོགས་ཞུགས་པ། ཁ་གསབ་འོས་འཚམ་སྤྲོད་པ། གཅིག་གྱུར་འཆར་འགོད་འོག་རང་མོས་སྐྲུན་པ”བཅས་ཀྱི་བྱེད་སྟངས་བརྒྱུད་འདོད་མོས་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་བྱས་ཤིང་། ད་ཆ། བླ་གདན་ཞོལ་གྲོང་ཚོའི་དུད་ཁྱིམ་42ཡི་མི་178ཚང་མ་སྡོད་ཁང་གསར་པའི་ནང་བསྡད་རྒྱུ་བྱུང་བ་རེད།

    བླ་གདན་ཞོལ་གྲོང་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་16མཚམས་སུ་ལྡེམ་མོ་ཤང་མཛོ་དཀར་གྲོང་ཚོ་ཡོད་ལ། དེ་གའི་གྲོང་མི་པད་མ་བཀྲ་ཤིས་ཚང་ད་ལོའི་ཟླ་ལྔ་པར་སྡོད་ཁང་གསར་པར་སྤོས་རྗེས་བོད་བཟོའི་ཁྱིམ་ཆས་སོགས་ཅ་ལག་མང་པོ་ཉོས་ཤིང་། ཁང་གསོལ་བཏང་ནས་གཉེན་ཉེ་དང་གྲོགས་པོ་མང་པོ་མགྲོན་པོར་འབོད་པ་རེད། པད་མ་བཀྲ་ཤིས་ཀྱིས། སྡོད་ཁང་གསར་པར་སྤོས་རྗེས་ནང་མི་ཚང་མ་སྐྱིད་སྣང་དོད་པོ་འདུག་ཅེས་བཤད།

    མི་སེར་གྱི“བློ་བདེ་ལས་དོན”ཡག་པོ་སྒྲུབ་ཆེད། སྣང་རྫོང་གིས་2021ལོར་རྫོང་དེ་ཡོངས་ཀྱི་མང་ཚོགས་ཀྱི་སྡོད་ཁང་གནས་ཚུལ་ལ་བརྟག་ཞིབ་བྱས་རྗེས། དུད་ཚང་2000ལྷག་གི་སྡོད་ཁང་ལ་བདེ་འཇགས་ཐད་ཀྱི་མངོན་མིན་རྐྱེན་ངན་ཡོད་པས་འཕྲལ་དུ་བཅོས་སྒྲིག་རིམ་སྤོར་བྱེད་དགོས་པ་ཤེས། དེར་དམིགས་ནས། རྫོང་དེས་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་པ་བརྒྱུད། 2022ལོར《སྣང་རྫོང་གི“ཁྲི་སྟོང་འདུ་འགོད”ཀྱི་བཅོས་སྒྲིག་རྣམ་གྲངས་ལག་བསྟར་ཇུས་གཞི》བཟོས་རྗེས་གྲོང་མདའ་གྲོང་རྡལ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་དེང་རབས་ཀྱི་གནས་འཕྲོད་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་། བོད་སྐྱོར་མ་དངུལ་དང་། རྫོང་རིམ་པའི་ལེ་ལག་ཚང་སྒྲིག མང་ཚོགས་ཀྱིས་རང་གྲབས་བྱེད་པ་བཅས་ཟུང་དུ་འབྲེལ་བའི་སྣ་མང་ཅན་གྱི་མ་དངུལ་གྲབས་གསོག་ལམ་སྲོལ་བཙུགས་ནས་ལམ་ལུགས་ཡོད་པ་དང་། ཚད་གཞི་ཡོད་པ། མ་དངུལ་ཡོད་པ། དཔུང་ཁག་ཡོད་པ། ལྟ་སྐུལ་ཡོད་པ་བཅས“ཡོད་པ་ལྔའི”གྲོང་གསེབ་སྡོད་ཁང་སྒྱུར་བཀོད་ཞབས་ཞུའི་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག གྲོང་མདའ་གྲོང་རྡལ་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ་གནད་ནས་ཁྱོན་བར་རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། མི་སེར་གྱིས་དོ་ཁུར་བྱེད་པའི་བྱ་བ་དངོས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།