ཞིང་འཕྲུལ་གྱིས་ཞིང་ལས་ཐོན་འཕར་ལ་རམ་འདེགས་བྱེད་པ།
—— གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གསེར་སྟིངས་གྲོང་ཚོའི་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གི་སྐོར་བཀོད་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གསེར་སྟིངས་གྲོང་ཚོའི་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་ནས་བརྔ་བསྡུ་བྱེད་བཞིན་པ།

འདི་ནི་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གསེར་སྟིངས་གྲོང་ཚོའི་ཞིང་ལས་འཕེལ་རྒྱས་ཆེད་ལས་ མཉམ་ལས་ཁང་གི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་ནས་བརྔ་བསྡུ་བྱེད་བཞིན་པ།
འབྲས་ལྡན་དུས་སུ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་དུ་སེར་ཐིང་ངེར་གྱུར་པའི་འོང་ཁར་ནས་ཞིང་གི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་དང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་བཞི་འུར་སྒྲ་སྒྲོག་བཞིན་ཞིང་ནང་དུ་བརྔ་བསྡུའི་ལས་ལ་བྲེལ་ནས་འདུག
“ད་ཆ་ང་དང་བཟའ་ཟླ་གཉིས་ཁོ་ནས་ས་ཞིང་མུའུ་31ལ་གཡོག་བྱེད་ཐུབ་པ་དང་། ཞིང་དལ་དུས་སུ་ད་དུང་གྲོང་ཁྱེར་དུ་ལས་ཀར་འགྲོ་ཐུབ་ཀྱི་འདུག”ཅེས་ཡུལ་མི་ཚེ་བརྟན་དོན་གྲུབ་ཀྱིས་ཐོ་ཕྲུག་ནས་འབབ་ཞོར་དུ་ལུས་སྟེང་གི་ཐལ་རྡུལ་རྣམས་རྡེབ་ཙམ་བྱས། ཚེ་བརྟན་དོན་གྲུབ་ཁྱིམ་ལ་མི་ལྔ་ཡོད་པ་དང་། སྔོན་ཆད་སྟོན་ཀ་སླེབས་རིམ་བཞིན་གཙོ་བོ་མི་ཤུགས་ལ་བརྟེན་ནས་བརྔ་བསྡུ་བྱེད་དགོས་ཀྱི་ཡོད་པས། ཉིན་བཅུ་ཙམ་འགོར་གྱི་ཡོད། ད་ལོ་མཉམ་ལས་ཁང་གི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་བརྔ་བསྡུ་བྱས་པས་ན་ཉིན་གཅིག་ནང་ཚར་གྱི་ཡོད། ས་ཞིང་མུའུ་རེར་སྒོར་80ཙམ་ལས་དགོས་ཀྱི་མེད། “ཞིང་དལ་དུས་སུ་ངས་གཞིས་རྩེ་གྲོང་ཁུལ་དུ་གླ་པ་རྒྱུག་ན་ལོ་གཅིག་ལ་སྒོར་ཁྲི་བཞི་ལྔ་རག་གི་འདུག”ཅེས་བཤད།
ཚེ་བརྟན་དོན་གྲུབ་ལ་ཕན་པ་ཐོབ་ས་ནི་གསེར་སྟིངས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་གཉེར་བའི་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་རེད།
གསེར་སྟིངས་གྲོང་ཚོ་ནི་གདོང་དཀར་ཤང་གི་ཞིང་ལས་གྲོང་ཚོ་ཆེན་པོ་ཞིག་ཡིན་པ་དང་། གྲོང་ཚོ་ཧྲིལ་པོར་རྨོ་ཞིང་མུའུ་2360ལྷག་ཙམ་ཡོད་པ་དང་དེའི་ནང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་2180ཡོད།
2019ལོར་གསེར་སྟིངས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་དམིགས་ཚད་དུ་བྱས་ཏེ་གཞི་གཅིག་ཅན་གྱི་སོན་འདེབས་འཕྲུལ་འཁོར་གཉིས་ཁོ་ནར་བརྟེན་ནས་ཞིང་ལས་འཕེལ་རྒྱས་མཉམ་ལས་ཁང་གཉེར་སྐབས་ཡུལ་མིའི་ཡིད་ཆེས་དེ་ཙམ་ཐོབ་མེད།
གསེར་སྟིངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆུང་བདག་གིས་འདས་དོན་ལ་རྗེས་དྲན་བྱས་པ་སྟེ། མཉམ་ལས་ཁང་བཙུགས་རྗེས་ཀྱི་ལོ་གཉིས་ནང་གཉེར་སྐྱོང་ཐུབ་ཙམ་བྱུང་ནས་ཡོང་འབབ་ཏོག་ཙམ་བྱུང་བ་ཚང་མ་འཕྲུལ་ཆས་གསར་པ་ཉོ་བར་སྤྱད་པ་རེད། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་མཉམ་ལས་ཁང་གི་གཞི་ཁྱོན་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་2021ལོ་བར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད། ད་ཆ་མཉམ་ལས་ཁང་དུ་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་4དང་དེ་བཞིན་ལེ་ལག་ཚང་བའི་གཞི་གཅིག་ཅན་གྱི་སོན་འདེབས་འཕྲུལ་འཁོར་4དང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་5 ཐུམ་བྱེད་འཕྲུལ་འཁོར་2བཅས་ཡོད་པར་བསྡོམས་རིན་ཐང་སྒོར་ཁྲི་200ལྷག་ཙམ་ཟིན་གྱི་ཡོད། “ད་ཆ་ང་ཚོའི་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་2180ཚང་མ་འཕྲུལ་ཆས་ཅན་གྱི་བརྔ་བསྡུ་བྱེད་ཀྱི་ཡོད་པས་ཉིན་10ཙམ་ནང་ཚང་མ་བསྡུ་ཐུབ་པ་མ་ཟད། ད་དུང་མཐའ་འཁོར་གྱི་ཡུལ་མིར་ནས་བརྔ་བསྡུ་བྱེད་རོགས་བྱས་ནས་ཡོང་འབབ་གསོག་གི་ཡོད”ཅེས་ཆུང་བདག་གིས་བཤད། 2024ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་62བྱུང་བ་ནས་སྒོར་ཁྲི་50ཁོངས་མིར་བགོས་ཡོད།
ད་ཆ་མཉམ་ལས་ཁང་དེ་ཁེར་རྐྱང་གི“རྨོ་བ་དང་། འདེབས་པ། བསྡུ་བ”བཅས་ཀྱི་ཞབས་ཞུ་ནས་སོན་སྨན་རྒྱག་པ་དང་གཟན་རྩྭ་ཐུམ་རྒྱག་པ་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལས་སྒོ་བར་རྒྱ་སྐྱེད་བཏང་བ་དང་། ཞབས་ཞུའི་ཁྱབ་ཁོངས་དེ་གསེར་སྟིངས་གྲོང་ཚོ་ནས་མཐའ་འཁོར་གྱི་གྲོང་ཚོ་ལྔ་བར་ཁྱབ་པར་བྱས་ཡོད། གསེར་སྟིངས་གྲོང་ཚོའི་དཔེ་སྟོན་སྣེ་ཁྲིད་འོག་མཐའ་འཁོར་གྲོང་ཚོས་རིམ་བཞིན་མཉམ་ལས་ཁང་བཙུགས་ཏེ་ཞིང་ལས་འཕྲུལ་ཆས་ཅན་གྱི་ལམ་བུར་བསྐྱོད་ཡོད། གདོང་དཀར་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་མིག་དམར་ནོར་རྒྱལ་གྱིས། གསེར་སྟིངས་གྲོང་ཚོའི་དཔེ་སྟོན་ཕན་འབྲས་དེ་གངས་རིལ་འགྲིལ་བ་ལྟར་འདྲ་ཞིང་། 2019ལོར་ཤང་ཡོངས་ལ་གསེར་སྟིངས་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་1ལས་མེད་པ་ནས་ད་ལོ་གྲོང་ཚོ་དྲུག་གིས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་བཙུགས་པའི་བར་འཕེལ་རྒྱས་ཕྱིན་ཏེ་ཡུལ་མི་དེ་བས་མང་བར་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
འབྲེལ་ཡོད་གསར་འགྱུར།