དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ནག་ཆུ་གྲོང་ཁྱེར་གྱིས།

    འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། གསོ་སྤེལ་བྱེད་ཐབས་སྒྱུར་བ། རྩྭ་འདེབས་བྱེད་ཐབས་ཁྱབ་གདལ་གཏོང་བ། ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་འབྲོག་ལས་ཞིབ་ལས་ཅན་དང་། ཕན་ཆེ་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

    འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ནག་ཆུ་གྲོང་ཁྱེར་གྱིས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་ལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་མཐུད་མཐོ་རུ་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་རིམ་པའི་ཞིང་འབྲོག་ལས་དེང་རབས་ཐོན་ལས་གླིང་ཁུལ་1བསྐྲུན་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་3དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་19ཡོད་པ། རྒྱལ་ཁབ་རིམ་པའི་མཉམ་ལས་ཁང་32དང་། རང་སྐྱོང་ལྗོངས་རིམ་པའི་མཉམ་ལས་ཁང་11 རང་སྐྱོང་ལྗོངས་རིམ་པའི་ཁྱིམ་ཚང་འབྲོག་ར་7བཅས་བཙུགས་ཡོད་པ་མ་ཟད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1636འཕེལ་རྒྱས་བཏང་བ་དང་། ཁྱིམ་ཚང་འབྲོག་ར་3465ཐོ་འགོད་བྱས་པ། གསོ་སྤེལ་དུད་ཚང་ཆེ་གྲས་4564ཡོད་པ་བཅས་ལས་རིམ་པ་མང་བ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཐོན་ལས་རྩ་འཛུགས་མ་ལག་གྲུབ་ཡོད། གསེར་རྙེད་ཆུས་དེང་རབས་ཐོན་ལས་གླིང་གིས་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་6གྲུབ་འབྲས་ཐོབ་པའི་སྒོ་ནས་ནང་འདྲེན་བྱས་ནས་ཤ་སྐམ་པོ་དང་དཀར་ཆུའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་སྣ་ཁ་10ལྷག་ཙམ་གསར་སྤེལ་བྱས་ཡོད། 2024ལོར་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.91ཟིན་ནས་དུས་མཚུངས་ལས་12.4%འཕར་ཏེ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་མངོན་ཡོད།

    སྤུས་རྟགས་འཛུགས་སྐྱོང་ཐད་ནག་ཆུ་གྲོང་ཁྱེར་གྱིས་ཡུལ་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་སྤུས་རྟགས་འཐབ་ཇུས་ལག་བསྟར་བྱས་ཏེ། དགའ་བདེ་དང་། དཀར་ཕྱོགས། རྒྱལ་གངས་ལྷ་མོ་བཅས་ཁོངས་གཏོགས་རང་བཞིན་གྱི་སྤུས་རྟགས་3བདེ་བླག་ངང་བཏོད་ཡོད། ནག་ཆུ་གྲོང་ཁྱེར་གྱིས་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ནས་འབྲོག་ལས་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཀྱིས་ལྷ་ས་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་བཟའ་བཏུང་ཁེ་ལས་དང་སྒོ་རྩིས་ཚོང་ཁང་དང་ཚོང་གཉེར་གན་རྒྱ་བཞག་སྟེ། མངགས་ཐོ་ཅན་གྱི་ཐོན་ཚོང་བྱེད་ཐབས་སྤྱད་ནས་ལྗོངས་ནང་ཁུལ་གྱི་ཁྲོམ་ར་རྒྱ་ཆེར་བཏང་ཡོད། 2024ལོར་དྲ་ཐོག་ཚོང་དོན་སྟེགས་བུ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་མཐུད་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ནག་ཆུའི་ཚགས་ཤ་དང་དཀར་ཆུའི་ཐོན་རྫས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་3ལས་བརྒལ་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། གྲོང་གསེབ་དར་རྒྱས་ལའང་སྒུལ་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།