ཡུལ་བབ་དང་བསྟུན་ནས་ས་མཐོའི་ཕུགས་འདུན་མངོན་འགྱུར་བྱེད།
ཚོགས་འདུའི་བར་གསེང་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དྲ་ཚོང་མནའ་འབྲེལ་གྱི་ཏ་ཝེ·ཁོ་ཝ་ཚིས་ཐོན་ལས་འགྲེམས་ཁུལ་དུ་བསྐྱོད་ནས་ཆེས་བྲིན་ཚོགས་པའི་ཏུང་ཧྲི་ཀྲང་ལེ་ཅུད་ཧྥང་གིས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པའི་མངར་ཆ་མེད་པའི་ཏན་ཞིམ་གྱི་བྲོ་བ་མྱངས་ནས། “ནས་ཀྱི་ཏན་ཞིམ་འདིའི་བྲོ་བ་ཞིམ་ལ་མངར་ཆ་ཉུང་བས་ངའི་བློ་ལ་རྦད་དེ་ཕྱིན་སོང་། གླེང་སྟེགས་ཚར་རྗེས་ཕྲན་ཙམ་ཉོས་ནས་ཕ་ཡུལ་ལ་འཁྱེར་གྱི་ཡིན”ཞེས་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས།
ཟླ་10ཚེས་29ཉིན་གྱི་ཕྱི་དྲོར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས”ཀྱི་ཡན་ལག་གླེང་སྟེགས་ཀྱི་ཚོགས་རར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་མཉམ་དུ་འཛོམས་ནས་ས་མཐོའི་ཁྱད་ལྡན་གྱི་དེང་རབས་ཐོན་ལས་མ་ལག་ལ་དམིགས་ཏེ། འཕེལ་རྒྱས་ཀྱི་ཐབས་ལམ་གླེང་བ་དང་གོ་སྐབས་བཟང་པོ་མཉམ་སྤྱོད་བྱས་ཐོག ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གྲོས་བསྡུར་འཁྲུག་པོ་བྱས་ཤིང་། དེ་ལྟ་བུའི་སྤེལ་རེས་ཁྲོད་ཐོན་ལས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
ཉེ་བའི་ལོ་ཤས་རིང་། ཐོན་སྐྱེད་ནུས་ཤུགས་གསར་མའི་མཚོན་བྱེད་ཡིན་པའི“དམའ་དབྱིངས་དཔལ་འབྱོར”འདི་ཉིད་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། གངས་ལྗོངས་ས་མཐོར་གསོ་རླུང་དཀོན་པ་དང་རླུང་རྒྱུན་རྙོག་འཛིང་ཆེ་བ་སོགས་གནམ་གཤིས་ཞན་པས་མི་མེད་གནམ་གྲུ་ཡུལ་དུས་མང་པོར་སྤྱོད་པར་ལག་རྩལ་རང་བཞིན་གྱི་ཚད་བརྒལ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
“འདས་ཟིན་པའི་ལོ་འགའི་ནང་རང་བརྟེན་མི་མེད་གནམ་གྲུའི་མ་ལག་ཆ་ཚང་ཆིག་སྟོང་ལྷག་ཙམ་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)30ལྷག་ཙམ་ལ་ཁྱབ་ཡོད། དེར་བརྟེན། འབྱུང་འགྱུར་བོད་ཀྱི་ཡངས་པའི་ས་གཞི་ཆེན་པོར་ཁྱབ་གདལ་ཐུབ་ངེས་རེད”ཅེས་པེ་ཅིང་ཡུན་ཧྲེང་རིག་ནུས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་མཉམ་འབྲེལ་གསར་གཏོད་པ་དང་ཁྲོམ་རའི་ཚོང་གཉེར་དབུ་བཞུགས་དཔོན་གཅིག་ལྕོགས་ཀྲུའུ་ཧྲེང་ལི་ཡིས་བོད་ཀྱི“དམའ་དབྱིངས་དཔལ་འབྱོར”འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་འཆང་བཞིན་བརྗོད།
“ད་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་གནང་བ་དེས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་བྱ་གཞག་གཉེར་མཁན་ལིའུ་ཧྥུང་གིས་གླེང་སྟེགས་ལ་དེ་ལྟར་ངོ་སྤྲོད་བྱས། ད་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར། བོད་དུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3250ཡན་ཟིན་པའི་ནང་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་99%ཟིན་ཡོད། ལྗོངས་ཕྱི་ནང་གི་འཁོར་རྒྱུག་གཉིས་ཀྱི་འདྲེན་སྤྱོད་རྣམ་པ་རགས་ཙམ་གྲུབ་ནས་ས་བབ་མཐོ་སར་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་འགག་རྩའི་ལག་རྩལ་གསར་པར་འགག་སྒྲོལ་ཟམ་མི་ཆད་པ་བྱུང་ནས་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་སྐོར་གླེང་སྐབས་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བའི་ངོས་འཛིན་བྱས།
ནས་ཀྱི་ཏན་ཞིམ་ནས་མི་མེད་གནམ་གྲུའི་མཁའ་ལམ་བར་དང་། དེ་ནས་ཆན་ཝ་ཁྲི་སྟོང་ཟིན་པའི་ནུས་རྒྱུ་གཙང་མའི་ནུས་གསོག་བར་བཅས་བོད་ཀྱི་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས“ཡུལ་བབ་དང་བསྟུན་པ་དང་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བའི”ལམ་བུར་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད། གླེང་སྟེགས་ཐོག་གི་སྤེལ་རེས་དང་གྲོས་འགོ་མཐའ་དག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་གྱུར་ངེས་ཡིན།
འབྲེལ་ཡོད་གསར་འགྱུར།