ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ཤང་གྲོང་སྒྲོལ་བའི་ཐོན་ལས་གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད་བཙུགས་པ།
རྒུན་འབྲུམ་ཐོན་ལས་དར། ཡུལ་མིའི་འཚོ་བ་སྐྱིད།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མཐར་མ་གྲོང་ཚོར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་རྟེན་གཞི་སྟེ། ཕག་གྲུ་རྒུན་འབྲུམ་གྲོང་རྡལ་ཆུང་ངུ་ཆགས་ཡོད།
ཟངས་རི་འདི་ཉིད་གངས་ཏི་སིའི་ལྷོ་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་དུ་གནས་ཤིང་། ས་དབྱིབས་གཙོ་བོ་རི་མཐོ་དང་རོང་ས་ཡིན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་ལ་གནམ་གཤིས་ཀྱང་སྐམ་ཤས་ཆེ་ཙམ་ཡོད་པས། རྒུན་འབྲུམ་གྱི་མེ་ཏོག་མདོག་རྒྱུ་དང་ཧྥུན་མང་རིགས་ཀྱི་དབྱང་འགྱུར་འགོག་པའི་དངོས་རྫས་སོགས་བལྟོས་བཅས་ཀྱིས་མང་ཙམ་ཡོད་ཁར་སྤུས་ཀ་དག་པོ་ཡོད་པ་རེད།
ཕག་གྲུ་ཨ་རག་གཞིས་ཀའི་འགན་འཁུར་བ་དབྱང་ཁྲེང་གིས། “2011ལོར་རྒུན་འབྲུམ་འདེབས་ཁྱོན་མུའུ་15ཙམ་ལས་མེད་པ་ནས་ད་ཆའི་མུའུ་ཁྲི་གཅིག་ཙམ་གྱི་རྒུན་འབྲུམ་རྟེན་གཞིའི་བར་འཕེལ་རྒྱས་བྱུང་བ་དེ་ནི་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་ཁ་འབྲལ་ཐབས་མེད”ཅེས་མྱོང་ཚོར་ཆེན་པོས་བཤད།
རྒུན་འབྲུམ་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་རིང་། ས་ཞིང་བརྒྱུད་བཤུག་དང་། ལག་རྩལ་མཉམ་སྤྱོད། ཁྲོམ་རའི་ཕྱིར་འཚོང་སོགས་ཀྱི་ཐད་ཐོན་པའི་གནད་དོན་རིམ་བཞིན་མངོན་གསལ་དོད་དུ་སོང་ནས་ཐོན་ལས་སྔར་བས་སྟོབས་ཆེར་འགྲོ་བའི་འཇུར་མིག་ཅིག་ཏུ་གྱུར་ཡོད། དཀའ་གནད་དེ་དག་སེལ་ཆེད། 2023ལོའི་ཟླ་བ་བཅུ་གཅིག་པར་ཟངས་རི་རྫོང་གིས་བྱ་ཐབས་གསར་གཏོད་བྱས་ཏེ་ཤང་གྲོང་སྒྲོལ་ནས་ས་མཐོའི་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་ཀྱི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་བཙུགས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐར་མ་གྲོང་ཚོ་ལྟེ་བར་བྱས་ནས་ནུབ་མཁར་སྡེ་ཁུལ་དང་། ལོག་གྲོང་ཚོ་དང་དེ་བཞིན་རོང་ཤང་རྩྭ་པ་གྲོང་ཚོ་དང་སྐྱིད་གྲོང་གྲོང་ཚོ་མཉམ་འབྲེལ་བྱས་ཏེ་མནའ་འབྲེལ་ཆེན་པོ་ཞིག་གྲུབ་ཐོག ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཕག་གྲུ་རྒུན་འབྲུམ་གྲོང་རྡལ་ཆུང་ངུ་བཏོད་པ་རེད།
རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་རྒུན་འབྲུམ་འཐུ་ཡུལ་དུ་ཡུལ་སྐོར་བ་བར་མེད་སླེབས་ཤིང་། ལྷ་ས་ནས་ཡོང་པའི་གྲོང་མི་སྐུ་ཞབས་ལི་ལགས་ཀྱིས་རྒུན་འབྲུམ་གཟེབ་མ་གང་བཏུས་ནས“རྒུན་འབྲུམ་མངར་མོ་འདུག ངས་མང་ཙམ་འཁྱེར་ནས་གྲོགས་པོ་ཚོར་སྤྲོད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་བརྒྱབ་པ་ལྟར་ན། ད་ལོ་ཟངས་རིའི་མུའུ་ཁྲི་ཡི་རྒུན་འབྲུམ་རྟེན་གཞིར་སྔོན་དཔག་བྱས་ན་ཐོན་འབབ་ཏུན་1200ཟིན་ནས་རྒུན་འབྲུམ་ཨ་རག་ཤེལ་དམ་ཁྲི་20སྙོལ་ཐུབ་རེ་ཡོད་ལ། ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་གི་འགག་སྒོ་ཆེན་པོ་ལས་བརྒལ་རེ་ཡོད་པ་རེད།
གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲོའེ་ཡིས་གསར་འགོད་པར། “ལོ་ཤས་རིང་ས་མཐོའི་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་ཀྱི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱིས་ནུས་པ་ཆེན་པོ་བཏོན་ནས་རིམ་རྩིས་བརྒྱབ་ན་ལས་མི་མི་ཐེངས་ཁྲི་9བཀོལ་སྤྱོད་བྱས་ཏེ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་བསགས་པ་དང་དུས་མཚུངས་རྒུན་འབྲུམ་འདེབས་མཁན་གྲོང་ཚོ་ལྔ་ཡི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད།
ད་ཆ་ས་མཐོའི་རྒུན་འབྲུམ་གྲོང་རྡལ་ཆུང་ངུར་རྒུན་འབྲུམ་འདེབས་འཛུགས་དང་། ལྟ་སྐོར་ཡུལ་སྐོར་འཐུ་བསྡུ། རྒུན་ཆང་སྙོལ་བ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་རྒུན་འབྲུམ་ཐོན་ལས་གླིང་ཞིག་ཆགས་ཡོད། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཡུལ་སྐོར་བས་དེ་གར་རྒུན་འབྲུམ་འཐུ་བའི་སྤྲོ་སྣང་ལ་རོལ་བ་དང་། རྒུན་འབྲུམ་ཨ་རག་གི་རོ་བཅུད་མྱོང་བ། གྲོང་གསེབ་ཀྱི་དབེན་འཇམ་དང་མཛེས་ལྗོངས་མྱོང་རོལ་བཅས་ཐུབ་ཀྱི་ཡོད།
གངས་དཀར་ཏི་སིའི་གཤམ་ནས་ཡར་ཀླུང་གཙང་ངོགས་བར་སྔོ་ཐིང་ཐིང་གི་རྒུན་འབྲུམ་གླིང་སྐར་ཚོགས་ལྟར་གྲོང་ཚོ་མཉམ་འབྲེལ་དུ་རིམ་པ་སྟར་ཆགས་ཀྱིས་ཁྱབ། དེ་སྔའི་བེད་མེད་དུ་ལུས་པའི་ཐང་རྒོད་ད་ཆ་དགོས་འདོད་ཀུན་འབྱུང་ལྟ་བུར་གྱུར་བ་དང་རྒུན་འབྲུམ་དེའང་མིང་དོན་མཚུངས་པའི་ཕྱུག་འགྱུར་ཤིང་འབྲས་སུ་གྱུར་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཕུགས་འདུན་ཆེན་པོ་འགྲུབ་པར་རམ་འདེགས་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།