དབུ་ཤོག>ཞིང་འབྲོག་གསར་པ།
  • བཀྲ་ཤིས་སྒང་ལ“བཀྲ་ཤིས”ཞེས་ཟེར་དོན་ཅི།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལག་ལེན་བསྟར་བའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-21

    བོད་དུ་བཀྲ་ཤིས་སྒང་ཞེས་པའི་ས་ཆ་མང་པོ་ཡོད་ཅིང་། དེ་ནི་བཀྲ་ཤིས་པའི་ས་ཆ་ཞེས་པའི་དོན་རེད། “བཀྲ་ཤིས”ཞེས་པའི་ཐ་སྙད་འདི་མི་སེར་ཚོའི་ངོས་ནས་བརྗོད་ན་གལ་ཆེ་ཤོས་ནི“དུས་བདེ་འཆམ་མཐུན་དང་བདེ་སྡོད་ལས་བརྩོན”ཡོང་བ་བྱེད་རྒྱུ་དེ་རེད། བསམ་འདུན་བཟང་པོ་མཚོན་པའི་ས་མིང་དེ་མིང་དོན་མཚུངས་པའི་དོན་དངོས་སུ་ཇི་ལྟར་སྒྱུར་བའི་ཐད། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་མངགས་ཁང་གིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལག་ལེན་གང་ལེགས་བསྟར་ནས། སྒྱུར་བཅོས་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་ཐད་ཁོང་ཚོས་ལན་ཡག་པོ་ཞིག་བཏབ་ཡོད་པ་རེད།

    “མངགས་འདེམས”བྱེད་ཆོག་པའི་འདུམ་འགྲིག་ཁང་།

    བཀྲ་ཤིས་སྒང་ཤང་མངགས་ཁང་གི་སུའོ་ཀྲང་ཚེ་རིང་རྡོ་རྗེས། “ཉེ་བའི་ལོ་ཤས་རིང་། ངལ་ལས་ཀྱི་རྩོད་གཞི་དང་། བཟའ་ཚང་གི་རྩོད་གཞི། ཁྱིམ་མཚེས་དབར་གྱི་རྩོད་གཞི་སོགས་ཉེན་ཟོན་གནས་ཚུལ་དང་རོགས་རམ་རེ་ཞུ་བྱེད་མཁན་མང་པོ་ཡོད། མང་ཚོགས་ཀྱི་དཀའ་གནད་དེ་བས་ལེགས་པར་སེལ་ཆེད། ང་ཚོས‘དོན་གྲུབ་འདུམ་འགྲིག་ཁང’བཙུགས་པ་ཡིན། ན་ནིང་ང་ཚོས་འགལ་ཟླ་དང་རྩོད་གཞི་ཐེངས་96གྲལ་བཤེར་བྱས་པར་ཐག་གཅོད་ཐུབ་ཚད་100%ཟིན་ཡོད”ཅེས་་ངོ་སྤྲོད་བྱས།

    “དོན་གྲུབ་འདུམ་འགྲིག་ཁང”དུ་སྐྱོད་སྐབས། གྱང་ལྡེབས་སུ་འདུམ་འགྲིག་པ་14ཡི་འདྲ་པར་སྦྱར་ཡོད་པ་དང་། ཁོང་ཚོའི་ཁྲོད་ཤང་དང་གྲོང་ཚོ་ཁག་གི་སྙན་གྲགས་ལྡན་པའི་རྒན་རྒོན་དང་དྲ་མིག་པ་ཡོད་ལ། ད་དུང་བཅའ་ཁྲིམས་བློ་འདྲི་བའང་ཡོད་པ་རེད། འདུམ་འགྲིག་བྱེད་པར་ཡོང་བའི་མང་ཚོགས་ཀྱིས“མངགས་འདེམས་རྣམ་པར”བརྟེན་ནས། ཡིད་རྟོན་རུང་བའི་འདུམ་འགྲིག་པ་འདེམས་ཆོག་གི་ཡོད། མི་སེམས་དྲོ་བའི་བྱེད་སྟངས་དེ་རིགས་ལས་མང་ཚོགས་བློ་ཧ་ཅང་བདེ་པོ་ཡོད་པ་རེད།

    འདུམ་འགྲིག་ཁང་བཙུགས་ཚུན། འདུམ་འགྲིག་ཁང་གིས“ཏང་སྲིད་དང་མང་ཚོགས་ཟུང་དུ་འབྲེལ་བའི”གཏན་འཇགས་ཀྱི་མཉམ་སྒྲིག་དང་དེ་བཞིན“ཆེད་སྒྲུབ་ཚན་ཁག་དང་སྣ་མང་ཟུང་དུ་འབྲེལ་བའི”སྟབས་བསྟུན་གྱི་བྱེད་ཐབས་སྤྱད་ནས། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་། དུད་སྦྲེལ་སྤྱི་མི། དྲ་མིག་པ། མང་ཚོགས་ཀྱི་འཐུས་མི་བཅས་གཞི་རྟེན་དུ་བྱས་ཏེ། གནས་ཚུལ་ལ་གཞིགས་ནས་གནས་ཚུལ་དང་འབྲེལ་བ་ཡོད་པའི་ཚན་པ་དང་། སྡེ་ཚན། ཁེ་ལས་སོགས་ཀྱི་བྱེད་པོ་སྣ་ཚོགས་གདན་དྲངས་ནས། ཕྱོགས་མང་པོས་གསེད་བཀྲོལ་དང་། འདུམ་འགྲིག་གཏིང་ཟབ། ཡུན་རིང་སྲ་བརྟན་དུ་གཏོང་བ་བཅས་བྱས་པ་དང་སྦྲགས། བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་ལས་སྟེགས་དང་ཕྱོགས་གསུམ་པའི་འདུམ་འགྲིག་ཐག་གཅོད་ཀྱི་གྲོས་འགོར་བརྟེན་ནས། གྱོད་དོན་ཐག་གཅོད་དང་འགལ་བ་སེལ་རིང་བཅའ་ཁྲིམས་ཀྱི་དབང་གྲགས་གནས་བབ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ་རེད།

    “ཆུ་ཚོད་24རིང”གི་དྲོ་སྐྱིད་ལྡན་པའི་ཞབས་ཞུ།

    “ཉེ་འགྲམ་གྱི་དོན་དག་ཉེ་འགྲམ་ནས་སྒྲུབ་ཐུབ་པ”བྱ་ཆེད། མངགས་གཏོང་ཁང་གིས་དམངས་ཕན་ཞབས་ཞུའི་ཚོམས་ཆེན“དམངས་འཚོའི་ཕྱོགས་བསྡུས་གཙོ་གཟུགས”སུ་བསྒྱུར་བ་སྟེ། ཐེམ་ཐོ་གཉེར་བ་དང་། སྡོད་གནས་ཐོ་འགོད། འགྲིམ་འགྲུལ་ཁྲིམས་འགལ་འདྲི་རྩད། ལམ་ཡིག་རེ་ཞུ། བཅའ་ཁྲིམས་བློ་འདྲི་སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་རྣམ་གྲངས་ཚང་མ་དེ་་གར“གཅིག་འཐུས་རྣམ་པར”བརྟེན་ནས་གཅིག་སྡུད་ཐོག་གཉེར་ཆོག་གི་ཡོད།

    ཐེམ་ཐོའི་སྐར་ཁུང་གིས་ཞབས་འདེགས་སྤུས་ལེགས་ཞུས་ནས།“5+2+24”ཡི་ཉིན་365རིང་དུས་གཏན་ཞབས་ཞུ་དང་ཁ་ཆད་ཞབས་ཞུ་ཁྱབ་གདལ་བཏང་བ་དང་། སྒོ་རྩར་ལག་ཁྱེར་གཉེར་བ་དང་སྒོ་རྩར་ལག་ཁྱེར་བསྐྱལ་ནས། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་དགོས་མེད་པ་རེད།

    མི་དམངས་ཉེན་རྟོག་པས་མི་སེར་ལ་བཅངས་པའི་བརྩེ་བ་འཚོ་བའི་ཕྱོགས་གང་ས་ཅི་ཐད་ནས་མཚོན་པ་སྟེ། ཤང་དུ་རྒན་རྒོན་མང་བས་མངགས་གཏོང་ཁང་དུ་འགྲོ་འོང་སྟབས་བདེ་མེད་པར་བརྟེན། མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་སྒོ་རྩར་ལག་ཁྱེར་གཉེར་བར་འགྲོ་གི་ཡོད་པ་དང་། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་དེ་བས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་བཞིན་ཡོད། བྲག་ལོག་གྲོང་ཚོའི་ཡུལ་མི་པ་སངས་གཅིག་པུས་ཕྲུ་གུ་གསུམ་ལ་ལྟ་སྐྱོང་བྱེད་ཞོར་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད་པས། དུས་རྒྱུན་མི་དམངས་ཉེན་རྟོག་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་ཁོ་མོར་དངོས་ཟོག་ཡང་སེ་སྤྲོད་པ་སོགས་རེད།

    “ཆུ་ཚོད་24རིང”གི་ཞབས་ཞུ་སྒྲུབ་སྟངས་དེས་བཀྲ་ཤིས་སྒང་གྲོང་ཚོའི་མང་ཚོགས་ཚོར་དྲོ་སྐྱིད་སྦྱིན་དང་སྦྱིན་མུས་རེད།

    འཕེལ་རྒྱས་ཀྱི་ལམ་བུར་ཞི་མཐུན་གྱི་ཁོར་ཡུག་བཏོད།

    བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་དང་བར་ཐག་སྤྱི་ལེ་6.6ཙམ་ཆོད་པའི་རིན་ཆེན་གླིང་གྲོང་ཚོར་མཚོན་ན། ལོ་ལྟར་ཟླ་བ་6པའི་ཟླ་དཀྱིལ་ནས་ཟླ་བ་8པའི་ཟླ་མཇུག་བར་ནི་རི་སྐྱེས་ཤ་མོ་འཐུ་བའི་དུས་ཚོད་ཡག་ཤོས་ཡིན་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། མཉེན་ཞིང་སོས་པའི་ཤ་མོས་ས་གནས་ཁག་གི་ཡུལ་སྐོར་བ་དང་ཤ་མོ་འཐུ་མཁན་མང་པོ་དེ་གར་ཡོང་བའི་ཡིད་དབང་བཀུག་ཡོད་ལ། གྲོང་ཚོར་ཡང་རྙོག་དྲ་ཅུང་ཅད་བཟོས་ཡོད་པ་སྟེ། མི་མང་པོ་གྲོང་ཚོར་སླེབས་རྗེས་ཉེ་འཁོར་གྱི་ནགས་ར་དང་ཞིང་ཁར་གད་སྙིགས་ཇེ་མང་དུ་ཕྱིན་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོར་ཐེབས་ཡོད།

    ཁྱིམ་གཞིས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། རིན་ཆེན་གླིང་གྲོང་ཚོའི་ཏང་ཀྲི་པུས་རང་འགུལ་ངང་སྣེ་ཁྲིད་དེ་ཡུལ་མི་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་ཤ་མོ་འཐུ་ཁུལ་ལ་སྲུང་སྐྱོང་དང་གཙང་སྦྲ་བྱེད་ཀྱི་ཡོད། ཡུལ་མི་ཚོས་ངལ་ནུས་བཏོན་པར་དེ་མཚུངས་ཀྱི་གླ་ཆ་སྤྲོད་ཐུབ་ཆེད། གྲོང་ཚོ་ཨུ་ལྷན་གྱིས་ཡུལ་གཞན་ནས་ཡོང་བའི་ཤ་མོ་འཐུ་མཁན་དང་ཡུལ་སྐོར་བའི་ས་ནས་གཙང་སྦྲའི་རིན་པ་སྒོར་20བསྡུ་རྒྱུའི་ཐག་བཅད་པ་དེས་ཁོར་ཡུག་བཅོས་སྐྱོང་གི་འགྲོ་སོང་ལ་ཁ་གསབ་ཐུབ་པ་མ་ཟད། ཡུལ་མིར་འབབ་ཁུངས་གཅིག་ཀྱང་མང་དུ་བཏང་ཡོད། “ཁོར་ཡུག་སྲུང་སྐྱོང་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི”ཐོག་མའི་བསམ་འདུན་དེ་ཡག་པོ་ཡོད་མོད། འོན་ཀྱང་། གོང་རིམ་སྡེ་ཚན་གྱི་དངོས་གཞིའི་ཡིག་ཆའི་འདེགས་སྐྱོར་མི་འདང་བ་དང་། གྲོན་དངུལ་བསྡུས་རྗེས་ཚད་ལྡན་གྱི་སྤ་སེ་སྤྲོད་ཐབས་བྲལ་བས། དེ་ནི“སྒྲིག་སྲོལ་དང་མི་མཐུན་པའི་བྱེད་སྟངས”སུ་གྱུར་ཡོད།

    ཡུན་རིང་མ་སོང་བར། ཡུལ་སྐོར་བ་ཞིག་གིས་དངུལ་སྤྲད་པའི་སྤ་སེ་དགོས་ལུགས་བརྗོད་ཀྱང་སྤ་སེ་སྤྲོད་ཐབས་བྲལ་བར་བརྟེན། གྲོན་དངུལ་བསྡུ་བའི་བྱེད་སྤྱོད་དེ་ཐད་ཀར་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་བྱས་པ་རེད།

    ཚེ་རིང་རྡོ་རྗེས། “ཐེར་འདོན་གོང་ཞུ་འབྱོར་མ་ཐག ང་ཚོས་ལམ་སེང་ས་གནས་ས་ཐོག་ཏུ་བསྐྱོད་ནས་གནད་དོན་གསེད་བཀྲོལ་བྱས་པ་སྟེ། ཡུལ་མི་ཚོས་ཁོར་ཡུག་སྲུང་སྐྱོང་དང་ཡོང་འབབ་འཕར་ཐབས་བྱས་པར་ནོར་འཁྲུལ་མེད་ལ། ཡུལ་སྐོར་བས་སྤ་སེ་བླངས་ནས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པར་ཡང་ནོར་འཁྲུལ་མེད། ནོར་ས་ནི‘བརྒྱུད་རིམ་ལུགས་དང་མི་མཐུན་པ་དང་གཞི་འཛིན་ས་ཁ་གསལ་མེད་པ’དེ་རེད”ཅེས་དང་། ཁོང་གིས། གལ་ཏེ་གྲོན་དངུལ་བསྡུ་མཚམས་བཞག་ན་ཡུལ་མིའི་ཧུར་བརྩོན་རང་བཞིན་ཆུང་དུ་འགྲོ་སྲིད་ལ། རྗེས་མཐུད་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་མཚམས་ཀྱང་ཆད་སྲིད། གལ་ཏེ་དོ་དམ་མ་བྱས་པར་སྣང་མེད་དུ་བཞག་ཚེ། ཡུལ་སྐོར་བ་ཡིད་ཚིམ་ཐབས་བྲལ་བ་མ་ཟད། ས་གནས་དེ་གའི་ཡུལ་སྐོར་གྱི་མཚན་སྙན་ལ་གནོད་ནས་མཐར་ཡུལ་མིའི་ཕུགས་ཀྱི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད།

    “སྡེ་ཚན་གཅིག་ཁོ་ནས་གནས་ཚུལ་ཐག་གཅོད་མི་ཐུབ་པ”ངོས་འཛིན་ཐུབ་རྗེས། མངགས་གཏོང་ཁང་གིས་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་པ་དང་། ནགས་ལས་སོགས་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ། སྡེ་ཚན་མང་པོས་མཉམ་དུ་ཞིབ་འཇུག་བྱས་ནས་ཐག་གཅོད་ཇུས་གཞི་བཟོ་བར་སྐུལ་འདེད་བཏང་བ་རེད། ཚེ་རིང་རྡོ་རྗེས། “སྐབས་དེ་དུས་ང་ཚོའི་བསམ་ཚུལ་ནི་ཡུལ་མིའི་ལུགས་མཐུན་གྱི་རེ་ཞུ་ཐག་གཅོད་དང་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་དེ་རེད”ཅེས་བརྗོད།

    མངགས་གཏོང་ཁང་གིས་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད། འབྲེལ་ཡོད་སྡེ་ཚན་གྱིས་ཆེད་དོན་ཡིག་ཆ་དངོས་སུ་བཏོན་པ་དང་སྦྲགས། སྤ་སེའི་དོ་དམ་ཚད་ལྡན་དུ་བཏང་ནས་ཡུལ་སྐོར་བར་གྲོན་དངུལ་འཇལ་རྗེས་ཚད་ལྡན་དཔང་ཡིག་རག་ཐུབ་པའི་འགན་ལེན་བྱས་ཡོད།

    གཞི་རིམ་བཅོས་སྐྱོང་ནི་རྙོག་འཛིང་ཆེ་བའི་ཚན་རིག་གི་ལས་ཀ་ཞིག་དང་འདྲ་ལ། དེ་བས་ཞིབ་ཚགས་པའི་སྒྱུ་རྩལ་གྱི་ལས་ཀ་ཞིག་དང་ཡང་འདྲ་བས། ངེས་པར་དུ་ངང་རྒྱུད་རིང་པོ་བྱེད་དགོས། ད་ཆ་རིན་ཆེན་གླིང་གྲོང་ཚོའི་གྲོན་དངུལ་བསྡུ་བའི་བྱ་སྤྱོད་སྒྲིག་སྲོལ་དང་མཐུན་་ཡོད་པས། དེ་སྔའི་འགལ་བ་དང་རྩོད་གཞིའང་རིམ་གྱིས་མེད་པར་གྱུར། ད་ཆ་ཤ་མོ་འཐུ་རིང་། གྲོང་ཚོའི་སྐྱེ་ཁམས་གཙང་མ་རྒྱུན་འཁྱོངས་ཐུབ་པ་མ་ཟད། གང་ས་ནས་ཞི་མཐུན་གྱི་རྣམ་པ་ཞིག་ཀྱང་ངང་གིས་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།