དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྗང་མདོག་ཐོན་ལས་ཀྱིས་དུས་རབས་གསར་པའི“རྩྭ་ཐང་གི་དབྱངས་རྟ”དཀྲོལ་བ།

    —— བོད་ལྗོངས་འདམ་གཞུང་རྫོང་ཡངས་ཡིད་གྲོང་ཚོའི་ཐོན་ལས་དར་རྒྱས་ཀྱི་ལམ་བུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-19

    བོད་ལྗོངས་འདམ་གཞུང་རྫོང་ཡངས་ཡིད་གྲོང་ཚོ་ནི་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་གནས་པ་དང་། སྨི་ཏི་གཙང་པོ་དང་བཟང་ཆུ་སོགས་ཀྱི་ཆུ་ལག་དལ་གྱིས་བཞུར་ནས་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ར་བསྐྱངས་ཡོད། འདི་ག་ནི་རང་བྱུང་ཁམས་ཆེན་པོས་བསྩལ་བའི་རྩྭ་ཐང་ཡངས་མོ་ཡིན་ལ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ལྗང་མདོག་ནུས་རྒྱུའི་ས་རྒྱུ་གཤིན་པོ་ཞིག་དེ་བས་ཀྱང་ཡིན་པས། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གལ་ཆེ་མཉམ་འཛིན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རི་མོ་གསར་པ་འབྲི་བཞིན་ཡོད།

    ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་སྔོ་ལྗང་གི་ན་བཟའ་བཀླུབས་པ་དང་། ཉི་འོད་འོག་དལ་བུར་བཞུར་བའི་ཆུ་རླབས་ནས་འོད་ལམ་ལམ་དུ་འཚེར་བ། ནོར་ལུག་གི་ཁྱུ་ཚོགས་བག་ཕེབས་ངང་འཚོ་བ་བཅས་ས་མཐོའི་སྐྱེ་ཁམས་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད།

    ཡངས་ཡིད་གྲོང་ཚོའི་ཚོགས་ཆུང་གཉིས་པར་སྐྱོད་སྐབས། རྒྱ་ཆེ་བའི་འགྲོ་ལམ་གྱི་གཞོགས་གཉིས་སུ་བོད་བཟོའི་ཁང་པ་གྲལ་སྟར་འགྲིག་པ་དང་། གྲོང་ཚོ་གཙང་ལ་དབེན་ཞིང་འཇམ། འོན་ཀྱང་། 2008ལོར་འདི་གར་ས་ཡོམ་རིམ་པ་6.6བརྒྱབ་ནས་ཁང་པ་རྡིབ་པ་སོགས་གནོད་འཚེ་ཚབས་ཆེན་ཕོག་མྱོང་ཡོད།

    “རིམ་ཁག་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་རོགས་སྐྱོར་འོག་གེགས་རྗེས་བསྐྱར་སྐྲུན་བྱས་པ་བརྒྱུད་ང་ཚོ་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྤོ་རྒྱུ་བྱུང་བ་དང་། གློག་དང་། ཆུ། འགྲོ་ལམ་བཅས་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ་མ་ཟད། གྲོང་ཚོའི་བྱིས་གསོ་ཁང་དང་འཕྲོད་བསྟེན་ཁང་ཡང་སྔ་རྗེས་སུ་བསྐྲུན་ཡོད”ཅེས་ཡངས་ཡིད་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་དགྲ་ལྷ་དགོན་པོས་བཤད།

    2024ལོར། ཀྲུང་གོ་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ཡངས་ཡིད་གྲོང་ཚོར་སྔོན་ཐོབ་རིམ་པའི་ཀྲོའོ་སྟོང་གི་དྲ་རྒྱ་ཡོངས་སུ་ཁྱབ་ནས་གྲངས་འཛིན་དུས་རབས་དང་དམ་པོར་འབྲེལ་ཐུབ་ཡོད།

    སྐར་མ་དོན་གྲུབ་ཁྱིམ་ནི་འབྲོག་ལས་རྐྱང་པའི་དུད་ཚང་ཞིག་ཡིན་ཞིང་། སྔོན་མ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། རྩྭ་ར་བདག་སྐྱོང་བྱེད་སྟངས་ཞིབ་ཚགས་པོ་མེད་པའི་ཁར་གསོ་ཚགས་བྱེད་སྟངས་རྗེས་ལུས་ཐེབས་པས་ལྟོ་གོས་འཕྱིད་ཙམ་ལས་མེད།

    “དེ་སྔོན་ངའི་ཁྱིམ་དུ་འབྲི་གཡག་བཅུ་ཕྲག་ཁ་ཤས་ལས་མེད། ད་ཆ་ང་ཚོའི་གྲོང་ཚོར་དུས་བཞིའི་རྩྭ་ར་ཡོད་པ་མ་ཟད། ད་དུང་དུས་ཐུང་རྒྱགས་གསོའི་རྩྭ་ར་དང་རྩྭ་བརྔ་ས་ཡོད་པས་ཁྱིམ་གྱི་འབྲི་གཡག་མགོ་གྲངས་120ལྷག་ཙམ་བར་འཕེལ་ཡོད”ཅེས་སྐར་མ་དོན་གྲུབ་ཀྱིས་བཤད།

    “གོང་རིམ་སྡེ་ཚན་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོའི་གྲོང་ཚོར་འབྲི་གཡག་གསོ་སྤེལ་དང་རྒྱགས་གསོའི་རྟེན་གཞིའི་རྣམ་གྲངས་ལག་ལེན་བསྟར་ཡོད”ཡངས་ཡིད་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་སྐར་མ་བསོད་ནམས་ཚེ་རིང་གིས། “རྣམ་གྲངས་འདི་ད་ལོའི་ལོ་སྨད་དུ་དངོས་སུ་གཉེར་འགོ་ཚུགས་པ་རེད” དུས་ཐེངས་དང་པོར་ལག་ཡོད་འབྲི་གཡག་མགོ་གྲངས་320ཟིན་པ་དག་ཚན་རིག་ཅན་གྱི་གཅིག་སྡུད་གསོ་སྤེལ་བྱས་པ་བརྒྱུད་རྩྭ་ཁ་ཞན་དུ་འགྲོ་བའི་སྣང་ཚུལ་ལེགས་སུ་ནུས་ལྡན་ཕྱིན་པ་མ་ཟད། ཟླ་བ་3ནས་6བར་གྱི་དུས་ཐུང་རྒྱགས་གསོ་བྱས་པས། འབྲི་གཡག་བཤས་གཏོང་བའི་དུས་ཡུན་ཇེ་ཐུང་དུ་ཕྱིན་ནས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་50ཡན་འཕར་ཡོད”ཅེས་ངོ་སྤྲོད་བྱས།

    “འབྲོག་ལས་ནི་ཐོག་མཐའ་བར་གསུམ་དུ་ཡངས་ཡིད་གྲོང་ཚོའི་ཀ་རྟེན་ཐོན་ལས་ཡིན”ཡངས་ཡིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གྲུབ་ཟླ་བས“གཞེས་ནིང་ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཟིན་པ་དང་ན་ནིང་སྒོར་ཁྲི་2.1བར་འཕར་ནས་དུས་མཚུངས་ལས་16.7%འཕར་ཡོད། གོམ་སྟབས་རྗེས་མར་ང་ཚོས་རྒྱུད་བཟང་འབྲི་གཡག་གསོ་སྤེལ་ཡག་པོ་དང་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་འཚོལ་ཞིབ་དང་སྐུལ་འདེད་བཏང་ནས་འབྲོག་ལས་ཀྱི་ཕྱོགས་བསྡུས་ཡོང་འབབ་སླར་ཡང་འཕར་ཐུབ་པ་བྱེད་རྩིས་ཡོད”ཅེས་བཤད།

    2011ལོ་ནས་བཟུང་། ཡངས་ཡིད་གྲོང་ཚོས་ཕུན་སུམ་ཚོགས་པའི་ས་འོག་གི་ཚ་ནུས་ཐོན་ཁུངས་དང་འོད་འཕྲོའི་ཐོན་ཁུངས་ལ་བརྟེན་ནས་ས་འོག་ཚ་ནུས་གློག་ཁང་དང་འོད་ཤུགས་གློག་ཁང་སོགས་ནུས་རྒྱུ་གསར་པའི་རྣམ་གྲངས་ནང་འདྲེན་བྱས་པས་ཡུལ་མིར་རྩྭ་རའི་ཁ་གསབ་དང་བགོ་འགྲེམས་རག་པ་མ་ཟད། “ཉི་འོད་དངུལ་སྒྱུར”གྱི་འབབ་འཕར་ཐབས་ལམ་གསར་པ་དེ་བས་བཏོད་ཡོད། ལོ་31ལ་སླེབས་པའི་ཚེ་དབང་བསམ་གྲུབ་ནི་འཕོ་འགྱུར་དེའི་ནང་ཞུགས་མཁན་གྱི་གྲས་ཤིག་རེད།

    2018ལོར། ཚེ་དབང་བསམ་གྲུབ་སློབ་ཆེན་མཐར་ཕྱིན་རྗེས་བློ་རྩ་བརྟན་པོས་ཕ་ཡུལ་དུ་ལོག་ནས་ཡངས་ཡིད་ས་འོག་ཚ་ནུས་གློག་ཁང་གི་རང་ཡུལ་གྱི་ལས་བཟོ་བ་ཁག་དང་པོར་གྱུར། གཞི་རིམ་གྱི་འཁོར་སྐྱོད་མི་སྣ་ནས་ད་ལྟའི་ལག་རྩལ་རྐང་འཛིན་པའི་བར་ལོ་བདུན་རིང་ཁོང་དང་ནུས་རྒྱུ་གསར་པའི་ཐོན་ལས་མཉམ་དུ་འཕེལ་རྒྱས་ཕྱིན་ཞིང་། ཚེ་དབང་བསམ་གྲུབ་ཀྱིས“ཁྱིམ་ཚང་ཁྲི་སྟོང་མང་པོས་ང་ཚོས་བཏང་བའི་ནུས་རྒྱུ་གཙང་མ་སྤྱོད་པ་མཐོང་སྐབས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག སླད་ཕྱིན་ངས་མུ་མཐུད་རྩལ་ནུས་ཆེ་རུ་བཏང་སྟེ་ཕ་ཡུལ་གྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།