བོད་ལྗོངས་ནག་ཆུ་གྲོང་རྡལ་ཧང་ཅ་གྲོང་གསར།
བྱང་ཐང་འབྲོག་སྡེའི་འཕོ་འགྱུར་རླབས་པོ་ཆེར། བསྟོད་པའི་མཐེ་བོང་མི་བསྒྲེངས་ཅི་ལ་སྲིད།

འདི་ནི་ཧང་ཅ་གྲོང་གསར་གྱི་ཟུར་ཞིག་ཡིན་པ།
ད་ལོའི་ཟླ་8ཚེས་7ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དམངས་སྲིད་ཅུས་དང་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མིའི་ལས་དོན་ཅུས་ཀྱིས་དེ་སྔའི་ནག་ཆུ་གྲོང་རྡལ་ནོར་སྒང་གྲོང་ཚོ་དེ་ཧང་ཅ་གྲོང་གསར་ཞེས་པར་མིང་བསྒྱུར་རྒྱུའི་སྤྱི་བསྒྲགས་སྤེལ་བ་རེད།
ཧང་ཅ་གྲོང་གསར་ནི་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། ནག་ཆུ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་15དང་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པ་དང་། ཅིང་བོད་མྱུར་བགྲོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་དང་འབྲེལ་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། “ཧང་ཅ་གྲོང་གསར”ཞེས་པའི་མིང་གསར་པ་དེ་ལས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དང་ཅ་ཤིན་གྲོང་ཁྱེར་གྱི་མཛའ་གྲོགས་ཟབ་མོ་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱེད་ལུགས་གསལ་པོར་མངོན་ལ། ས་མཐོའི་འབྲོག་པས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་པའི་འདུན་པ་ཟབ་མོ་དང་འཚོལ་ཞིབ་དོན་གཉེར་བྱས་པའང་མཚོན་ཡོད།
ལོ་གཉིས་ནང་། ནོར་སྒང་གྲོང་ཚོ་ནས་ཧང་ཅ་གྲོང་གསར་བར་གྱི་འགྱུར་ལྡོག་ཆེན་པོར་བྱང་ཐང་འབྲོག་པའི་མི་རྣམས་ཧང་སངས་པ་ཞིག་བྱུང་བ་སྟེ།
—— 2023ལོའི་ཟླ་5པར། གསར་རྙེད་ཆུས་ཀྱིས་ནག་ཆུ་གྲོང་རྡལ་ནོར་སྒང་གྲོང་ཚོར“འབྲོག་གསུམ་མཉམ་འགུལ”གྱི་སྡོད་ཁང་འཛུགས་སྐྲུན་དང་ཧང་ཅ་གྲོང་ཚོའི་སྐྱེ་ཁམས་བློ་རིག་སྤུས་ལེགས་གྲོང་ཁྱེར་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་།
—— 2024ལོའི་ཟླ་6པར། གསེར་རྙེད་ཆུས་ཀྱིས་ཧང་ཅ་གྲོང་གསར་དུ་ཁང་པ་བགོ་བཤའ་རྒྱག་པའི་མཛད་སྒོ་གཟབ་རྒྱས་འཚོགས་པ།
—— 2025ལོའི་ཟླ་6པར། གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཧང་ཅ་གྲོང་གསར་རྒྱ་སྐྱེད་རྟེན་གཞི་དངོས་སུ་ལས་འགོ་ཚུགས་ནས་ས་མཐོའི་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐུལ་སྤེལ་བྱས་པ་རེད།
ཧང་ཅ་གྲོང་གསར་དུ་འཆམ་འཆམ་དུ་སྐྱོད་ན། དེ་གར་ཨར་འདམ་ལམ་གང་སར་ཤར་གཏོང་ཐུབ་པ་དང་། ཁང་པའི་བཟོ་བཀོད་ལེགས་ལ་གྲལ་སྟར་སྒྲིག་པ། ཁོར་ཡུག་གཙང་བ། སྤྱི་པའི་སྒྲིག་བཀོད་ཆ་ཚང་བ་བཅས་མི་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་པོ་ལས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་བཞིན་ཡོད།
ཧང་ཅ་གྲོང་གསར་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བཀྲ་ཤིས་ཆོས་འཕེལ་གྱིས། གྲོང་གསར་བསྐྲུན་པ་དེས་དེ་གོང་གི་རྨང་གཞིའི་སྒྲིག་བཀོད་དང་། མི་སྡོད་ཁོར་ཡུག སྤྱི་པའི་ཞབས་ཞུ་བཅས་ཀྱི་ཞན་ཆ་རྦད་དེ་བསལ་ནས“གྲོང་རྡལ་ཆུང་ཆུང”ཞིག་ཆགས་པ་དང་དུས་མཚུངས་སུ“འབྲོག་ར་ཆེན་པོ”ཞིག་ཀྱང་དེའི་སྟབས་ཀྱིས་ཆགས་ཡོད་ཅེས་ངོ་སྤྲོད་བྱས།
ཧང་ཅ་གྲོང་གསར་གྱི་བློ་རིག་འབྲོག་ལས་འགྲེམས་ཁང་ནས་འབྲི་གཡག་3000ལྷག་ཙམ་ལ་སྐབས་བབ་ལྟ་འདོམས་ཐུབ་ཀྱི་ཡོད། བཀྲ་ཤིས་ཆོས་འཕེལ་གྱིས། རིག་ནུས་རྣ་རྟགས་དང་། གློག་རྡུལ་ར་སྐོར། སྐྱེ་དངོས་དབྱེ་འབྱེད་སོགས་ཟོག་འབྲེལ་དྲ་རྒྱའི་ལག་རྩལ་བརྒྱུད། འབྲི་གཡག་གི་སྐྱོད་ཤུལ་དང་ལུས་པོའི་དྲོད་ཚད་སོགས་ཀྱི་དམིགས་ཚད་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པས། དོ་དམ་བརྒྱུད་རིམ་ལེགས་སུ་དང་ཕྱུགས་འཚོའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་གྲངས་གཞི་ཆེན་པོ་བརྒྱུད་འབྲོག་ལས་དང་དངུལ་རྩའི་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་ཐུབ་ནས་གསོ་སྤེལ་ལས་རིགས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
“2024ལོར་ཧང་ཅ་གྲོང་གསར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20320ཟིན་ཡོད”ཅེས་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཧང་ཅ་གྲོང་གསར་རྒྱ་སྐྱེད་རྟེན་གཞིས་རྩྭ་ཐང་རིག་གནས་ཀྱི་ནང་དོན་གཏིང་ཟབ་བསྔོགས་ཏེ། རྟ་ཐོག་རིག་གནས་ཉམས་ལེན་དང་བོད་བཟོའི་དམངས་སྲོལ་སྤེལ་རེས་སོགས་ཀྱི“འབྲོག་ལས་རིག་གནས་དང་ཡུལ་སྐོར”མཉམ་འདྲེས་རྣམ་གྲངས་གསར་སྤེལ་བྱས་ནས། ས་མཐོའི་ཡུལ་སྐོར་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་ཡིན་པ་རེད།
ད་ཆའི་ཧང་ཅ་གྲོང་གསར་ནི་སྐྱེ་ཁམས་མཛེས་པ་དང་། དམངས་སྲོལ་བབ་ཆགས། བསམ་བློ་མཐུན་པ། སེམས་ཤུགས་ཀྱིས་ཁེངས་པ་དང་། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་བདེ་སྐྱིད་ལྡན་པའི་རི་མོ་ཞིག་བྱང་ཐང་ས་གཞི་ཆེན་པོར་རིམ་གྱིས་འབྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།