སྡོད་ཁང་གསར་པར་སྤོས། འཚོ་བར་རེ་བས་ཁེངས།
—— ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་སྐོར་གྱི་དངོས་བྲིས།
འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་ནོར་བུ་ས་གྲོང་ཚོ་ཡིན་པ།
ཉི་མ་ཆོས་སྒྲོན་གྱིས་པང་གདན་ལ་ལག་པ་ཕྱིས་ཙམ་བྱས་རྗེས་ཐབ་ཚང་ནས་ཐོན་ཏེ་སྐུ་མགྲོན་ཚོར་སྣེ་ལེན་ཞུས།
“དགོངས་པ་མ་ཚོམས། སྡོད་ཁང་གསར་པར་མཛེས་བཟོ་བྱེད་བཞིན་ཡོད། སྡོད་ཁང་ལ་བསྡུ་གསོག་ཡག་པོ་རྒྱག་ཁོམ་མ་བྱུང་། སྡོད་ས་ཡག་པོ་ཞིག་ཀྱང་མེད”ཅེས་ཉི་མ་ཆོས་སྒྲོན་གྱིས་ཤེལ་ཁང་ནང་ལངས་ནས་དགོངས་དག་ཞུས། ཁོ་མོའི་རྒྱབ་ཀྱི་ས་ཕག་གི་ཁང་པ་དེ་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་རི་འདབས་སུ་བརྒྱབ་ཡོད་པ་དང་། དེ་གར་ལོ་བཅུ་ལྷག་ཙམ་བསྡད་པས་ཁང་པ་གོག་ཧྲུལ་དུ་གྱུར་འདུག ཡིན་ན་ཡང་སྡོད་ཁང་གསར་པའི་སྐོར་གླེང་སྐབས། ཁོང་གིས་སྤྲོ་སྣང་ཆེན་པོས“སྡོད་ཁང་གསར་པ་རི་འདབས་ཀྱི་གྲོང་རྡལ་དུ་ཡོད། ད་ཆ་ཤེལ་ཁང་རྒྱག་བཞིན་ཡོད། དགུན་ཁ་མ་སླེབས་གོང་སྤོ་ཐུབ། ངར་ལྕགས་དང་ཨར་འདམ་ལས་གྲུབ་པས་ཧ་ཅང་བརྟན་ལ་བདེ་འཇགས་ཡོད། ཤེལ་སྒོ་ཡང་ཉིས་བརྩེགས་བསྒར་ཡོད་པས་དགུན་ཁར་དྲོ་ཞིང་དབྱར་ཁར་བསིལ་པོ་ཡོད”ཅེས་བཤད།
ཉེ་ཆར། ཉི་མ་ཆོས་སྒྲོན་གྱི་ཁྱིམ་ཚང་ཚུད་པའི་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་ནོར་བུ་ས་གྲོང་ཚོའི་དུད་ཚང་164ཡི་མང་ཚོགས་552ལ་སྡོད་ཁང་གསར་པའི་ལྡེ་མིག་རག་ཡོད། སྡོད་ཁང་གསར་པ་འདི་དག་ནི་ཆུ་གསུམ་རྫོང་གིས་ལག་ལེན་བསྟར་བའི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆ་ཤས་ཤིག་རེད། དེའི་གོང་གྲོང་ཚོ་འདིའི་སྡོད་ཁང་ཚང་མ་རི་འདབས་སུ་བརྒྱབ་ཡོད། ད་ཆ། གྲོང་རྡལ་འགྲམ་དུ་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད། ཁང་སྟེང་དམར་པོ། རྩིག་པ་དཀར་པོ། གྲལ་སྟར་འགྲིག་པ་སོགས་ཧ་ཅང་མཛེས་པོ་ཡོད། ཐ་ན་གྲོང་ཚོའི་ལམ་རྒྱུད་དུ་ཡང་ཉི་ནུས་གློག་སྒྲོན་བསྒར་ཡོད།
“མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པར་ཐོག་མར་ཆུ་གློག་ལམ་དྲ་བ་བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་དགོས། ཡིན་ན་ཡང་སྔོན་ཆད་ཡུལ་མི་ཚོ་ཁ་ཐོར་དུ་གནས་པས་འཛུགས་སྐྲུན་མ་གནས་ཧ་ཅང་མཐོན་པོ་འདུག”རྫོང་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི་2ཡང་ཟིན་གྱི་མེད། ཤང་ནང་དུ་སྡོད་ཁང་གསར་པ་ཉུང་བའི་ཁར། ས་གཤིས་གྲུབ་ཆ་ཡང་བརྟན་པོ་མེད་པས་མང་ཚོགས་ཀྱི་ཁང་པ་ཁག་གཅིག་གི་རྩིག་རྨང་རྡིབ་པ་དང་གྱང་གས་པ་སོགས་ཀྱི་གནད་དོན་ཐོན་ཡོད་ཅེས་ཆུ་གསུམ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ལས་བྱེད་པ་སྐལ་ཚེས་འགྲེལ་བཤད་བྱས། “ལོ་70ལྷག་ལ་སོན་པའི་རྒན་རྒོན་ཞིག་གིས། མི་ཚེ་འདིར་སྡོད་ཁང་ཐེངས་གསུམ་བརྒྱབ་པ་ཡིན། རྒྱག་ཐེངས་རེ་རེར་དངུལ་སོགས་འགྲོ་སོང་མང་པོ་གཏོང་དགོས་པས། ཕྱིན་ཆད་སྡོད་ཁང་བརྒྱབ་ནས་དཀའ་ལས་རྒྱག་འདོད་མི་འདུག་ཅེས་ངར་བཤད་བྱུང”ཞེས་སྐལ་ཚེས་བཤད།
མང་ཚོགས་ཚོ“བློ་བདེ་པོའི་ངང་སྡོད་དུ་འཇུག་རྒྱུ”ནི་ས་གནས་དེ་གས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་གྱུར་ཡོད།
“རི་སྤོ་མི་ཐུབ་ན་མི་སྤོ་དགོས། ང་ཚོ་ས་གཤིས་བརྟན་པོ་ཡོད་སའི་ས་ཆ་ཁོད་ཡངས་སར་སྤོས་ནས་ཨར་འདམ་གྱི་སྡོད་ཁང་བརྟན་པོ་ཞིག་རྒྱག་དགོས”པའི་བསམ་ཕྱོགས་འདི་གཏན་འཁེལ་བྱས་རྗེས། སྡོད་ཁང་གསར་པ་འཛུགས་སྐྲུན་གྱི་མ་དངུལ་ནི་རྫོང་ནོར་སྲིད་དང་བོད་སྐྱོར་མ་དངུལ་ལས་གཏོང་རྒྱུ་དང་། གྲོང་ཚོ་གསར་པའི་རྨང་གཞིའི་སྒྲིག་བཀོད་གཞན་དག་གི་ལེ་ལག་ཚང་བའི་མ་དངུལ་ནི་གྲོང་གསེབ་དར་རྒྱས་གྱི་ཆེད་དོན་མ་དངུལ་ལས་བཏང་ནས་ཐུན་མོང་ཐོག་གྲབས་གསོག་བྱ་རྒྱུ་དང་། དེའི་ཁར་མང་ཚོགས་ཚོའི་ཆ་སྙོམས་མི་རེར་སྒོར་ཁྲི་1.1རེའི་རང་གྲབས་མ་དངུལ་བསྣན་ཚེ་ཁྱོན་སྒོར་དུང་ཕྱུར་1.38བཏང་ནས་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་བྱ་རྒྱུའི་ལེ་ལག་ཚང་བའི་སྲིད་ཇུས་འཕྲལ་དུ་བཏོན་པ་རེད།
ཡིན་ན་ཡང་སྲིད་ཇུས་དོན་འཁྱོལ་བྱེད་སྐབས་མང་ཚོགས་ལ་སེམས་ཁྲལ་མང་པོ་བྱུང་བ་སྟེ། ཉི་མ་ཆོས་སྒྲོན་གྱིས་སྒོར་ཁྲི་7བཏང་ནས་སྡོད་ཁང་རྙིང་པར་ཉི་འོད་དྲོད་ཁང་བརྒྱབ་སྟེ་ཁྱིམ་ཆས་གསར་པ་ཉོས་མ་ཐག སྲིད་ཇུས་ལྟར་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་པར་ནང་མི་བཞི་ཡིས་སླར་ཡང་སྒོར་ཁྲི་4.4གཏོང་དགོས་ཀྱི་ཡོད། ཁོ་མོ་གཅིག་པུ་མ་ཡིན་པར་གྲོང་མི་མི་ཉུང་བ་ཞིག་གནས་སྤོ་བྱེད་པར་སོམ་ཉིའི་གནས་སུ་གྱར་ཡོད།
མང་ཚོགས་ཀྱི་སེམས་ཁྲལ་སེལ་ཆེད། ཆུ་གསུམ་རྫོང་གིས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་མིག་དམར་ཚེ་རིང་གིས་སྣེ་ཁྲིད་པའི་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ནས་གྲོང་རྡལ་དུ་བཅའ་སྡོད་བྱས་ཏེ་དུད་ཚང་རེ་རེའི་དགོས་མཁོ་ཤེས་རྟོགས་བྱས། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་ཡང་གྲོང་ཚོར་ཐེངས་མང་བསྐྱོད་ནས་གྲོང་མིའི་ཚོགས་ཆེན་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་ཚང་མའི་བསམ་ཚུལ་ཉན་པ་སྟེ། འགའ་ཞིག་གིས་སྒོ་རའི་ནང་དུ་ཆུ་འབུད་ས་བཟོ་འདོད་བྱེད་པ་དང་། འགའ་ཞིག་གིས་ཆུ་འབུད་མདོང་ལམ་ཁང་རྒྱབ་ཏུ་སྤོ་རྒྱུའི་རེ་བ་བཏོན་པ་སོགས་ཞིབ་ཕྲའི་གནས་ཚུལ་རེ་རེ་བཞིན་ཟིན་བྲིས་སུ་བཀོད་ནས་ཇུས་འགོད་དང་ཨར་རྒྱག་ཚན་པར་བཤད་པ་རེད།
མང་ཚོགས་ཀྱི་སེམས་ཁྲལ་བསལ་བས་ལས་གྲྭའི་མྱུར་ཚད་ངང་གིས་མགྱོགས་སུ་སོང་ཡོད། 2024ལོའི་དབྱར་ཁར་ཨར་ལས་རྒྱག་འགོ་ཚུགས་པའི་ནོར་བུ་ས་གྲོང་གསར་དེ་ལོ་མཇུག་ཏུ་ལས་མཇུག་འགྲིལ་ཞིང་། ཆུ་འདྲེན་འབུད་མདོང་དྲ་བ་སྒོ་ཁའི་བར་བཏིང་བ་དང་། འོད་སྐུད་ཐད་ཀར་ཁྱིམ་དུ་འཁྲིད་པ། ཕྱུགས་ར་དང་སྡོད་ཁང་ལོགས་སུ་དབྱེ་བ་བཅས་བྱས་པས་གྲོང་ཚོ་ཧྲིལ་པོ་གཙང་ཞིང་གྲལ་བསྟར་སྒྲིག་པར་གྱུར་ཡོད།
གྲོང་གསར་གྱི་ལམ་མདོ་ནས་ཉི་མ་ཆོས་སྒྲོན་གྱིས་ཡར་ཀླུང་གཙང་པོ་གསལ་པོར་མཐོང་ཐུབ་ཅིང་། “རི་སྐེད་དུ་བསྡད་པ་ལས་མཐོང་རྒྱ་ཆེ་རུ་ཕྱིན་འདུག”ཅེས་ཁོང་གིས་འཛུམ་མུལ་མུལ་ངང་བཤད།
ནོར་བུ་ས་གྲོང་ཚོ་འཛུགས་སྐྲུན་གྱི་ཉམས་མྱོང་ཡོད་པས་རྫོང་ཡོངས་ཀྱི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཡོད། རྫོང་གྲོང་ནས་ཟངས་རི་ཕྱོགས་ཀྱི་ཆུ་གསུམ་གཙང་པོའི་གཡས་ངོགས་སུ་རྒྱ་ཁྱོན་མུའུ་281ཟིན་པའི་གྲོང་ཚོ་གསར་པ་ཞིག་སྐྲུན་བཞིན་ཡོད་ཅིང་། དེ་གར་སྡོད་ཁང་ཆ་ཚང་150ཡོད་པ་མ་ཟད། ད་དུང་གྲོང་ཚོ་རིམ་པའི་ཞབས་ཞུའི་ཁང་པ་དང་། བུ་བཅོལ་ཁང་། ཕྱུགས་ར་བཅས་ལེ་ལག་ཚང་བ་དང་ཐ་ན་མ་འོངས་པར་སྐྲུན་དགོས་པའི་རྨང་གཞིའི་སྒྲིག་བཀོད་ཐད་སྤྱོད་པའི་ས་ཆའང་སྔོན་ཉར་བྱས་ཡོད།
གཅིག་གྱུར་འཆར་འགོད་ཀྱིས་མཉམ་སྐྲུན་བྱས་པ་ཕུད། ད་དུང་གཅིག་གྱུར་འཆར་འགོད་ཀྱིས་རང་སྐྲུན་ཀྱང་བྱས་ཡོད། གྲོང་ཚོ་མི་འདྲ་བའི་གནས་ཚུལ་ལ་དམིགས་ནས། ཡུལ་འདིས་ད་དུང་རང་གཤིས་ཅན་གྱི་ཇུས་གཞི་བཟོས་པ་སྟེ། གྲོང་ཚོ་མང་ཆེ་བའི་སྡོད་ཁང་རྙིང་པར་དུད་ཚང་རེར་བརྟན་གཏོང་གྲོན་དངུལ་སྒོར་ཁྲི་2ལེན་རྒྱུ་ཡོད་པ་དང་། སྐྱ་བ་གྲོང་ཚོའི་དུད་ཚང་11གི་གྲོང་མིས་ཐབ་ཚང་དང་ཚོམས་ཆེན་ཡུག་གཅིག་ཏུ་སྦྲེལ་རྒྱུའི་རེ་བ་བཏོན་པས་ཇུས་འགོད་ཚོགས་པས་བསྐྱར་དུ་ཨར་ལས་ཇུས་གཞི་ལེགས་སྒྲིག་བྱས་པ་མ་ཟད། ད་དུང་སྒོ་རའི་ནང་ཉི་འོད་དྲོད་ཁང་རྒྱག་ས་བཞག་ཡོད་པ་དང་ཁང་པའི་རྒྱབ་ཏུ་ཆེད་མངགས་གསང་སྤྱོད་ཀྱི་བཙོག་པ་འདོན་ས་ཡང་བཟོས་ཡོད་པ་རེད།
ཟླ་ཤས་སོང་རྗེས། ཉི་མ་ཆོས་སྒྲོན་རི་འདབས་སུ་གནས་སྤོས་བྱ་རྒྱུ་རེད། ཁོང་གིས་སྡོད་ཁང་གསར་པའི་སྒོ་རའི་ནང་མེ་ཏོག་འདེབས་རྒྱུའི་འཆར་གཞི་འགོད་བཞིན་ཡོད།“སྡོད་ཁང་གསར་པར་སྤོས་རྗེས་ཚང་མ་ཁྱིམ་དུ་ཇ་སྲུབ་མ་འཐུང་བར་ཕེབས་རོགས”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།