དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གྲོང་མི་ཁྱིམ་གྱི་སྒོ་རྩར་ལས་ཞུགས་དང་འབབ་འཕར་ཡོང་བར་བྱས་པ།

    མལ་གྲོ་གུང་དཀར་རྫོང་རྩ་ཞོལ་གྲོང་ཚོའི“ཁེ་ལས་རེར་མཉམ་ལས་ཁང་རེ”ལས་མཉམ་སྡེབ་དཔལ་འབྱོར་འཕར་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་ནི་འགག་རྩ་ཡིན། མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་རྩ་ཞོལ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“ཁེ་ལས་རེར་མཉམ་ལས་ཁང་རེ”ལ་བརྟེན་ནས་རང་སའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་པ་མ་ཟད། གྲོང་མི་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཡོང་བར་བྱས་ཡོད། དུས་ཐུང་ལོ་ཁ་ཤས་ནང་། དེ་སྔ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་གཙོ་བོར་བྱེད་པའི་གྲོང་སྡེ་དེས་སོ་ཕག་ལས་སྣོན་དང་ཨར་སྐྲུན་ཐོན་ལས་ལ་བརྟེན་ནས་རང་སོ་སོའི་དོན་དངོས་དང་འཚམ་པའི་དར་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད།

    རྩ་ཞོལ་གྲོང་ཚོའི་འུད་སྟོད་རྩ་ཞོལ་སོ་ཕག་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་འཕྲུལ་འཁོར་གྱི་སྒྲ་ཆད་རྒྱུ་མེད་ཅིང་། སོ་ཕག་གསར་པ་རང་འགུལ་ཅན་གྱི་བཟོ་འཁོར་ནས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་པ་དང་བཟོ་པ་ཚོས་ལས་ཀ་བྱེད་བཞིན། 2025ལོའི་དཔྱིད་རླུང་བྱ་སྤྱོད་ཀྱི་སྡོད་ཁང་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་ཀྱི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་ལས་ཁང་ཤང་སྲིད་གཞུང་གི་ཉེ་འགྲམ་དུ་སྤོས་རྗེས། ཡུལ་མིས་ཐག་ཉེ་ས་ནས་སོ་ཕག་ཉོ་བར་སྟབས་བདེ་བྱུང་བ་མ་ཟད། སོ་ཕག་གི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་པ་དང་འབྲེལ། སོ་ཕག་རེར་རིན་གོང་སྒོར་3ནས་སྒོར་2.6བར་ཆག་ཡོད། ལོ་11རིང་གཉེར་སྐྱོང་བྱས་པའི་མཉམ་ལས་ཁང་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོར་གྱུར་ནས་ལོའི་ཕྱིར་འཚོང་བྱེད་ཚད་བརྟན་པོའི་ངང་འཕར་ཡོད།

    ཐག་མི་རིང་བའི་སར་ཡོད་པའི་བོད་ལྗོངས་རྩེ་བ་ཞིང་འབྲོག་ཨར་སྐྲུན་ཚད་ཡོད་ཀུང་སིའི་བཟོ་པས་གྲོང་ཚོ་ཚོགས་ཆུང་གི་འགྲོ་ལམ་བཟོ་བཞིན་ཡོད་ཅིང་། ཀུང་སི་དེ་2021ལོར་བཙུགས་པ་དང་དེ་ནི་གྲོང་ཚོས་བཙུགས་པའི་ཁེ་ལས་ཤིག་ཡིན་ལ། ཉམས་སད་ཐེག་པའི་ལག་རྩལ་དང་མཚན་སྙན་བཟང་པོར་བརྟེན་ནས་མཐའ་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆུང་གྲས་མང་པོ་དང་འབྲེལ་མཐུད་བྱས་ཏེ་ཡུལ་དེ་གར་སྐད་གྲགས་ཆེ་ཙམ་ཡོད་པའི“རྨང་གཞིའི་སྒྲིག་བཀོད་གསར་པའི་འཇོན་ཐང་ཅན”ལ་གྱུར་ཡོད། རྩ་ཞོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཆོས་གྲགས་ཀྱིས། “ཁེ་ལས་རེར་མཉམ་ལས་ཁང་རེ”ལས་ན་ནིང་ཡོང་འབབ་བསྡོམས་སྒོར་ཁྲི་187དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་54བྱུང་ཡོད། “འདི་དག་ནི་རླངས་འཁོར་གྱི་འཁོར་ལོ་དང་འདྲ་བར་གྲོང་ཚོ་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པར་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད།

    མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་གྲོང་ཚོར་ཕན་པ་དངོས་ཐོབ་ཡོད། གྲོང་མི་བསྟན་འཛིན་འཕྲིན་ལས་དེ་སྔ་ལོ་ན་བགྲེས་པའི་ཕ་མར་ལྟ་རྟོག་བྱེད་དགོས་པའི་རྐྱེན་གྱིས་ས་ཕྱོགས་གཞན་དུ་གླ་པ་རྒྱུག་པར་སྐྱོད་ཐབས་བྲལ་ཡོད། ད་ཆ་གྲོང་ཚོའི་ཨར་སྐྲུན་རུ་ཁག་ཏུ་རྐོ་འདྲུའི་འཕྲུལ་འཁོར་གཏོང་གི་ཡོད། “ཉིན་ལྟར་ལས་ཀ་གྲོལ་རྗེས་ཁྱིམ་དུ་ལོག་ནས་རྒན་རྒོན་ལ་ལྟ་སྐྱོང་བྱེད་པ་དང་། ཡོང་འབབ་ཀྱང་ས་ཕྱོགས་གཞན་དུ་སོང་བ་ལས་ཞན་པ་མི་འདུག”ཅེས་བཤད། ཡུལ་མི་དཀོན་མཆོག་བཀྲ་ཤིས་ཀྱིས་ལས་ཡུལ་དུ་ལམ་ཁོད་སྙོམ་བཞིན་ཡོད་པ་དང་། ཁོང་གིས་ཉིན་ལྟར་ལས་ཀ་བྱས་ན་ཡོང་འབབ་སྒོར་250ཙམ་རག་གི་འདུག ན་ནིང་བོད་ལྗོངས་རྩེ་བ་ཞིང་འབྲོག་ཨར་སྐྲུན་ཚད་ཡོད་ཀུང་སིར་ལས་ཀ་བྱས་པ་ཁོ་ནར་གླ་ཆ་སྒོར་ཁྲི་2ལྷག་ཙམ་རག་ཡོད། “ད་ཆ་གླ་ཆ་བརྟན་པོ་ཡོད་པས། ལོ་གསར་གྱི་མཁོ་ཆས་ཉོ་བ་དང་སྨན་བཅོས་འགན་བཅོལ་གྱི་དངུལ་འཇལ་བར་སེམས་ཁྲལ་མི་འདུག”ཅེས་བཤད།

    བསྟན་འཛིན་འཕྲིན་ལས་དང་དཀོན་མཆོག་བཀྲ་ཤིས་དང་འདྲ་བའི་གྲོང་མི་ད་དུང་མང་པོ་ཡོད་ཅིང་། 2024ལོར་ཨར་སྐྲུན་ཀུང་སི་ཁོ་ནས་ཡུལ་མིར་གླ་ཆ་སྒོར་ཁྲི་54.98སྤྲད་དེ“ཁྱིམ་ཚང་ལྟ་སྐྱོང་དང་ཡོང་འབབ་གསོག་པ་གཉིས་ཀར་འཐུས་ཤོར་མེད་པ”དང་། གྲོང་ཚོས་གཅིག་གྱུར་ཐོག་ཡུལ་མིའི་བེད་མེད་དུ་ལུས་པའི་རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་བོགས་མར་བླངས་ནས་བོགས་དངུལ་སྒོར་ཁྲི་20.02སྤྲད་པས། “བེད་མེད་འཕྲུལ་ཆས”“རྒྱུན་འཁོར་གྱི་མ་རྩར”གྱུར་ཡོད། གཞན་ཡང་། གྲོང་ཚོས་མཉམ་སྡེབ་ཡོང་འབབ་བཏང་ནས་སྒོར་ཁྲི་8ལྷག་ཙམ་རི་བའི་འབྲས་དང་གྲོ་ཞིབ་སོགས་ཉོས་ཏེ་དུད་ཚང་ཀུན་གྱི་ཡུལ་མིར་སྤྲད་ཡོད། “མཉམ་སྡེབ་སྟོབས་ཆེར་ཕྱིན་ཚེ། ང་ཚོའི་འཚོ་བར་གཞི་ནས་མདུན་ལམ་འདུག”ཅེས་པ་དེ་ནི་རྩ་ཞོལ་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་སེམས་གཏིང་གི་སྐད་ཆ་རེད།

    བསྟན་འཛིན་ཆོས་གྲགས་ཀྱིས། ད་ལྟའི་དམིགས་ཚད་ནི་2025ལོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་ནས་ཡུལ་མི་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།