དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཞོལ་པ་གྲོང་ཚོས་ཆུ་ཚན་ལ་བརྟེན་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-13

    འདི་ནི་ཞོལ་པ་གྲོང་ཚོའི་འོལ་དགའ་ཆུ་ཚན་ཡིན་པ།

    ཟླ་9པར་ཞོལ་པ་གྲོང་ཚོའི་ནམ་མཁའ་གཡའ་དག་ཅིང་། དམངས་སྲོལ་གནས་ཚང་འཁྲུག་ཆ་དོད་ལ་སྐྱིད་སྣང་ལྡན།

    གངས་རི་འོ་དེ་གུང་རྒྱལ་གྱི་འདབས་སུ། ཤེས་རབ་ཀྱིས་མགྲོན་ཁང་གི་ལས་ལ་བྲེལ་ནས་ཇ་ཁམ་གང་ཡང་འཐུང་ལོང་མེད།

    “ཟླ་བ་འདིའི་ཟླ་སྟོད་ནས་བཟུང་། ཆུ་ཚན་རྒྱག་པར་ཡོང་མཁན་ནམ་རྒྱུན་དང་བསྡུར་ན་ལྡབ་གཉིས་གསུམ་མང་དུ་ཕྱིན་སྟབས་ཁང་པ་ཡང་འདང་གི་མི་འདུག” བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་དམངས་སྲོལ་གནས་ཚང་གི་སྦྱིན་བདག་ཤེས་རབ་ལ་དགའ་སྤྲོ་དང་སེམས་ཁྲལ་མཉམ་དུ་སྐྱེས་ཡོད།

    ས་བབ་སྨི་3900ལྷག་ཙམ་ཟིན་པའི་འོལ་དགའ་ཆུ་ཚན་ནི་རྩྭ་ཐང་དང་རི་རྒྱུད་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཕྱོགས་བཞིར་གངས་རིས་བསྐོར་བ་དང་དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པ་མ་ཟད། ཆུ་མིག་གི་གཏེར་རྫས་ཀྱང་ཕུན་སུམ་ཚོགས་པ་དང་། ཆུའི་དྲོད་ཚད་མཐོ་བ། ཆུ་སྤུས་ལེགས་པ་བཅས་ཀྱི་དབང་གིས། མི་ཡུལ་གྱི་དག་ཞིང་དང་གཉིས་སུ་མ་མཆིས།

    སྨན་ཆུ་ཁ་ཆུ་ཚན་དུ་རླངས་པ་ཐོལ་ཐོལ་འཕྱུར་བ་དང་། ཡུལ་སྐོར་བ་རྣམས་ཆུ་ཚན་ནང་འཛུལ་ནས་ལུས་སེམས་དགའ་བདེ་བག་ཕེབས་ཀྱི་དཔལ་ལ་རོལ་བཞིན་མཆིས།

    “ད་ལྟའི་དུས་ཚིགས་སུ་ཡོང་ན་འགྲུལ་པ་ཉུང་དུས་རེད་སྙམ་བྱུང་། མི་འདི་འདྲའི་མང་བ་ལ”ཞེས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནས་ཡོང་བའི་རྡོ་རྗེ་སྒྲོལ་དཀར་གྱིས་མགྲོན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་བཞིན་དེ་ལྟར་བཤད།

    ཆུ་ཚན་རྒྱག་པར་ཡོང་མཁན་ཇེ་མང་དུ་སོང་བ་དང་ཆབས་ཅིག དམངས་སྲོལ་གནས་ཚང་དུ་སྡོད་མཁན་ཡང་འཕར་ཡོད། “འགྲོ། ངའི་ཁྱིམ་གྱི་སྒོ་རའི་ནང་ཅིག་བལྟ་བར་འགྲོ། ད་ལྟ་ཡུལ་སྐོར་བ་ཇེ་མང་དུ་སོང་བས། ངའི་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་ཚོང་ཡང་ཡག་པོ་ཡོད། སྔོན་ཚུད་ནས་མ་མངགས་ན་ཁང་པ་གཏན་ནས་རག་གི་མ་མེད”ལོ་10ལྷག་ཙམ་གྱི་སྔོན་དུ། ཤེས་རབ་ནི་ཡུལ་དེ་གར་སྐད་གྲགས་ཆོད་པའི་དུད་ཁྱིམ་དབུལ་པོ་ཞིག་ཡིན་ནའང་། ད་ཆ་ཆུ་ཚན་ལ་བརྟེན་ནས་ཐོག་སོ་གཉིས་ལྡན་གྱི་ཞིང་ཁྱིམ་སྒོ་ར་ཞིག་བསྐྲུན་ཡོད་ཅིང་། འགྲུལ་ཁང་ཁང་མིག་བརྒྱད་ནས་ལོ་རེར་སྒོར་ཁྲི་8ལྷག་ཙམ་གྱི་ཁེ་བཟང་རག་ཐུབ་པའི་ཁར་ཕྱིར་གླ་པ་རྒྱུག་པ་དང་དབྱར་རྩྭ་དགུན་འབུ་འཐུས་པའི་ཡོང་འབབ་སོགས་བསྣན་ན་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད་པས། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་འདུག

    ཞོལ་པ་གྲོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ་བཏིངས་པ་དང་། དམངས་སྲོལ་གནས་ཚང་གྲལ་སྟར་འགྲིག་པོས་བརྒྱབ་འདུག “ད་ཆ་ཆུ་ཚན་རྒྱག་པར་ཡོང་མཁན་མང་དུས་རེད། ཆེས་མང་དུས་ཉིན་རེར་མི་ཐེངས་9000ཙམ་ལ་སྣེ་ལེན་ཞུ་གི་ཡོད”འོལ་དགའ་ཆུ་ཚན་གྱི་ཐོན་ཁུངས་ལ་བརྟེན་ནས་མིག་སྔར་གྲོང་ཚོ་ཡོངས་སུ་མི་172ཀྱིས་ཐད་ཀར་ཡུལ་སྐོར་ལས་རིཌ་གཉེར་གྱི་ཡོད་པ་དང་། དམངས་སྲོལ་གནས་ཚང་45དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དུད་ཁྱིམ་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་5ཙམ་འཕར་ཡོད་ཅེས་ཞོལ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཡིན་པའི་པད་མ་རིན་ཆེན་གྱིས་གསར་འགོད་པར་བཤད།

    ཆུ་ཚན་ལ་བརྟེན་ནས་མི་སེར་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཞིང་། པད་མ་རིན་ཆེན་གྱིས་རྩིས་དེབ་གཅིག་བཏོན་པའི་ནང་འཁོད་པ་ལྟར་ན། “གྲོང་ཚོའི་མཉམ་སྡེབ+མཉམ་ལས་ཁང+ཁེ་ལས+ཞིང་དུད”ཀྱི་བྱ་ཐབས་ལ་བརྟེན་ནས་ན་ནིང་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་568ཟིན་པ་དང་། ད་ལོ་སྒོར་ཁྲི་600ལས་བརྒལ་ནས་2013ལོའི་གོང་དང་བསྡུར་ན་ལྡབ་50ལྷག་ཙམ་འཕར་རེ་ཡོད་པ་རེད།

    ད་ལོ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བས་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཞོལ་པ་གྲོང་ཚོས་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་སྐྲུན་བཞིན་ཡོད་པ་སྟེ། སྐར་མ་རིམ་པའི་གསོལ་མགྲོན་ཁང་བསྐྲུན་པ་དང་ལུས་གསོས་ལྟེ་གནས་གསར་སྤེལ་སོགས་བྱས་ནས“ཐེངས་དང་པོ་ཡོང་མཁན་མགྲོན་པོ”ཡང“ཚོང་ཤག་ལྟ་བུར”འགྱུར་བར་བྱས་ནས་མི་སེར་གྱི“ཡུལ་སྐོར་ཡོང་འབབ”དྭངས་གཙང་ཆུ་རྒྱུན་བཞིན་དུ་རྒྱུན་མི་ཆད་པར་བྱས་ཡོད།

    ཆུ་ཚན་ལ་བརྟེན་ནས་དྲོ་སྐྱིད་ཀྱི་རྩ་བ་ཚུགས་ཤིང་། “ང་ཚོས་སྲིད་ཇུས་བཟང་པོ་གྲོང་མི་རྣམས་ལ་བརྗོད་རྗེས་ཚང་མའི་བློ་སྟོབས་འཕེལ་བའི་ཁར་འབབ་འཕར་ཕྱུག་འགྱུར་གྱི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང་། ཕྱིན་ཆད་ང་ཚོའི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་རེད”ཅེས་པད་མ་རིན་ཆེན་གྱིས་བཤད།

    “གྲོང་གསེབ་དར་རྒྱས་གཏོང་བ་དང་མཉམ་དུ་ཕྱུག་པོ་ཆགས་པའི་རྒྱང་ལམ་ཁྲོད་ང་ཚོར་ཡིད་ཆེས་ཀྱིས་ཁེངས་པ་དང་། ཀུན་གྱིས་སྔོ་ལྗང་རི་ཀླུང་སྲུང་བ་དང་འོལ་དགའ་ཆུ་ཚན་ལ་བརྟེན་ན‘བདེ་ཞིང་སྐྱིད་པའི’འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ངེས་རེད”ཅེས་ཤེས་རབ་ཀྱིས་དགའ་ཚོར་ཆེན་པོས་བཤད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།