དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གེ་རེ་གྲོང་ཚོའི་ཞིང་ལས་ཡོ་བྱད་ཀྱི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    འདི་ནི་ཁྲ་སིལ་གྱི་ཁྱིམ་དུ་ཉར་ཚགས་བྱས་པའི་བོད་གཤོལ་ཡིན་པ།

    འདི་ནི་གེ་རེ་གྲོང་ཚོའི་འཕྲུལ་ཆས་ཁང་དུ་བཞག་པའི་དེང་རབས་ཅན་གྱི་ཞིང་འཕྲུལ་ཡིན་པ།

    ཞིང་ལས་ཡོ་བྱད་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇི་ཙམ་བྱུང་མིན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ལོ་ངོ་60ཡི་རིང་། བོད་ཀྱི་ཞིང་ལས་ཡོ་བྱད་ལ་འགྱུར་ལྡོག་གང་འདྲ་བྱུང་མིན་ཤེས་པར་བྱ་ཆེད། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གེ་རེ་གྲོང་ཚོའི་ལོ་58ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲ་སིལ་དང་མཉམ་དུ་ཁོང་ཁྱིམ་གྱི་བ་ཚང་དུ་བསྐྱོད་པ་ཡིན།

    ཁྲ་སིལ་གྱིས་དངོས་པོ་ཙག་ཙིག་དག་བྱང་གོམས་ཆེན་པོས་དབྱེ་བ་འབྱེད་བཞིན་དུ“གཟིགས་དང་། དེ་ཚོ་རེད”ཅེས་བཤད་པ་དང་སྦྲགས། ཁུག་ཀྱོག་ཅིག་ནས་ཐལ་རྡུལ་གྱིས་ཁེངས་པའི་དངོས་པོ་ལྗིད་ཏིག་ཏིག་འགའ་འདྲུད་ཡོང་བ་དག་ནི་གནའ་བོའི་བོད་གཤོལ་དང་བཙའ་ཆགས་པའི་ལྕགས་གཤོལ་རེད་འདུག “ཅ་ལག་རྙིང་པ་འདི་དག་ནི་ས་གཞི་འདི་ཡི་རྨོ་འདེབས་ལོ་རྒྱུས་ལ་འཕོ་འགྱུར་བྱུང་བའི་དཔང་པོ་ཡིན”ཞེས་ཁྲ་སིལ་གྱིས་ཡོ་བྱད་རྙིང་པ་འདི་དག་ལ་ལག་པ་རེག་བཞིན་ཚོར་སྣང་ཟབ་མོས་བཤད།

    “ཅ་ལག་དེ་དག་སྤྱོད་པའི་རིང་ལ་མི་ཕྱུགས་གཉིས་ཀས་དཀའ་སྡུག་ཚད་མེད་མྱངས་ཡོད། དང་ཐོག་རྨོ་འདེབས་བྱེད་སྐབས་གཡག་དང་བ་གླང་ལ་བརྟེན་ནས་ས་ཞིང་རྨོ་བ་དང་། སོ་ནམ་པས་ཐང་ཆད་ཆད་བར་ངར་སྐད་སྒྲོག་པ་དང་ལྕག་ཚན་ཚད་མེད་གཞུས་ཀྱང་ཉིན་གཅིག་ལ་མང་ཤོས་ས་ཞིང་མུའུ་གཅིག་ཙམ་ལས་རྨོ་ཐུབ་ཀྱི་མེད། རྨོན་གཡག་ཀྱང་ཐང་ཆད་ནས་ལྕེ་རིང་དུ་བསྣར་ཏེ་དབུགས་ལྷེམ་ལྷེམ་བྱེད་ཀྱི་ཡོད”ཅེས་ཁྲ་སིལ་གྱིས་ལག་ནང་གི་ཐོང་གཤོལ་རྙིང་པ་ཕར་བཞག་ནས་བཤད་ཅིང་། ཁོང་གིས“རྗེས་སུ་རིམ་བཞིན་ལག་སྐྱོར་འདྲུད་འཐེན་འཁོར་ལོ་སྤྱད་པ་དང་། དེ་ནས‘འདྲུད་ཆུང་འཁོར་ལོ(འཁོར་ལོ་བཞི་ཅན་གྱི་འདྲུད་འཐེན་འཁོར་ལོ་ཆུང་བ)བར་ཚད་བརྒལ་བྱུང་བ། ད་ཆ་མང་ཆེ་བ་ནུས་མང་སོན་འདེབས་འཕྲུལ་འཁོར་སྤྱད་དེ་ས་ཞིང་རྨོ་ཞོར་དུ་སོན་གཤོ་ཡི་ཡོད་པས། འཕྲུལ་འཁོར་གཅིག་གིས་ཉིན་གཅིག་ལ་ས་ཞིང་མུའུ་ཉི་ཤུ་ལྷག་ཙམ་འདེབས་ཐུབ་ཀྱི་ཡོད”ཅེས་བཤད།

    “སྟོན་བསྡུའི་དུས་སུའང་གཅིག་པ་ཡིན། དེ་སྔོན། ནས་ཞིང་མུའུ་ཁ་ཤས་ལས་མེད་ནའང་མི་མང་པོས་ཟོར་བ་སྤྱད་དེ་ནམ་ལངས་ཙམ་ནས་ས་མ་རུབ་བར་བརྔ་དགོས་ཀྱི་ཡོད། ལོ་ཏོག་བརྔས་རྗེས་བསྡམས་ནས་གཡུལ་ཁར་གཡུལ་འདོན་པར་སྐྱེལ་དགོས། གཡུལ་འདོན་པའི་སྐབས་ཀྱི་ལས་རིམ་རྙོག་འཛིང་ཆེ་བས་འབྲུ་རིགས་མཛོད་དུ་མ་འཇུག་བར་ཧ་ལམ་ཟླ་བ་གཅིག་ཙམ་འགོར་གྱི་འདུག”ཅེས་ཁྲ་སིལ་གྱིས་དྲན་གསོ་བཞིན་དུ་བཤད། ད་ཆ། དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་སོང་བ་བརྒྱུད། སྟོན་བསྡུའི་རྣམ་པར་འགྱུར་ལྡོག་ཕྱོགས་ཡོངས་ནས་ཕྱིན་ཡོད། ཁྲ་སིལ་གྱིས་རྒྱབ་ཀྱི་འཕྲུལ་འཁོར་ལ་མཛུབ་མོ་བཙུགས་ནས“དེ་དག་གིས་ཐེངས་གཅིག་ལ་བརྔ་བསྡུ་དང་། འབྲུ་འདོན། དབྱེ་འབྱེད། སོན་སྒྲུག སོག་མ་སྡོམ་པ་བཅས་བྱེད་ཐུབ། དེ་སྔོན་དུད་ཚང་གཅིག་གིས་ཟླ་བ་གཅིག་ཙམ་བྱེད་དགོས་པའི་ལས་ཀ་ད་ཆ་ཉིན་གཉིས་ནང་ཚང་མ་ཚར་གྱི་འདུག”ཅེས་བཤད།

    གེ་རེ་གྲོང་ཚོའི་ཞིང་ལས་ཡོ་བྱད་ལ་བྱུང་བའི་འཕོ་འགྱུར་ནི་གངས་ལྗོངས་ས་མཐོའི་ཞིང་པའི་འཚོ་བར་འཕོ་འགྱུར་བྱུང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། དེ་ལས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ལ་འཕོ་འགྱུར་བྱུང་བའི་བདེན་དཔང་ཐུབ་ལ། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ས་གཞི་འདིར་ལོ་ངོ་སྟོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དེ་བས་ཀྱང་བདེན་དཔང་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།