དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • འོ་མ་བྲིན་ཁ་རྒྱུག འཚོ་བ་བདེ་ཞིང་སྐྱིད།

    བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོའི་ཕྱུག་འགྱུར་གྱི་ཐབས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཞོགས་པའི་ཆུ་ཚོད་དྲུག་པ་ཙམ་ལ་ནམ་གསལ་ལ་མི་གསལ་ཡིན་ཞིང་། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོའི་གྲོང་མི་མཁས་གྲུབ་ཀྱིས་རང་ཁྱིམ་གྱི་བཞོས་མ་ཐག་པའི་འོ་མ་སོས་པ་འོ་ཟོམ་གཙང་མའི་ནང་བླུགས། ཁོང་གིས་འཇིབ་ཆུང་རླངས་འཁོར་བཏང་ནས་གྲོང་ཚོའི་ལམ་བུ་དེད་དེ་ཁྱིམ་ཚང་རེ་རེ་རེའི་སྒོ་རྩར་ཡུལ་མི་ཚོའི་འོ་ཟོམ་ལེན་པར་བསྐྱོད། ཆུ་ཚོད་གཅིག་ཀྱང་མ་སོང་བར་འཁོར་སྒྲོམ་ཐོག་འོ་ཟོམ་ཉི་ཤུ་ལྷག་ཙམ་བསྒྲིགས་ཚར་བ་མ་ཟད། འོ་ཟོམ་རེ་རེའི་ཐོག་བདག་པོའི་མིང་སྦྱར་ཡོད། མཁས་གྲུབ་ཀྱིས། ད་ལྟ་ཉིན་ལྟར་འོ་མ་བཞོས་རྗེས་གྲོང་ཚོ་ཨུ་ལྷན་དུ་སྐྱེལ་བར་འགྲོ་དགོས་པས་འགོར་འགྱང་བྱེད་མི་རུང་ཞེས་བཤད།

    གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་ཆེ་མོའི་སྒོ་འགྲམ་དུ་ཡུལ་མི་སྒྲོལ་མས་འོ་མ་སོས་པས་གང་བའི་འོ་ཟོམ་གཉིས་ཁྱེར་ནས་བང་བསྒྲིགས་བཞིན་ཡོད། ཁོང་གི་ཁྱིམ་དུ་འབྲི་གཡག་མགོ་གྲངས་100ལྷག་ཙམ་གསོས་ཡོད། ལོ་འདི་དག་རིང་གི་འགྱུར་ལྡོག་སྐོར་གླེང་སྐབས་སྒྲོལ་མས“དེ་སྔ་འོ་མ་འཇོ་བར་ནང་མི་ཚང་མ་སྐུལ་སློང་བྱེད་དགོས། ང་དང་བཟའ་ཟླས་འོ་མ་དཀྲོགས་ནས་མར་འདོན་པ་དང་རྒན་རྒོན་དང་ཕྲུ་གུ་ཚོས་ཕྱུར་བ་སྐམ་རོགས་བྱེད་ཀྱི་ཡོད། ལས་ཀ་དེ་དག་ཚར་རྗེས་མར་དང་ཕྱུར་བ་དག་ཁུར་ནས་ལེ་དབར་ཁ་ཤས་ཡོད་པའི་གྲོང་རྡལ་དུ་འཚོང་བར་སྐྱོད་དགོས། སྐབས་འགར་ཆར་པ་བབས་ནས་ལམ་དོང་སྒྲོལ་དུས་ཡོམ་འཁྲུག་ཆེ་བས་ཕྱུར་བ་ཡང་འཕྲོ་བརླག་ཐེབས་ཏེ་ཉིན་གཅིག་ལ་ཡོང་འབབ་མང་པོ་རག་གི་མི་འདུག འོན་ཀྱང་ད་ལྟ་འོ་མ་སོས་པ་ཐད་ཀར་གྲོང་ཚོ་ཨུ་ལྷན་དུ་བསྐྱལ་ནས་རང་ཉིད་ཀྱིས་ལས་སྣོན་བྱེད་དགོས་མེད་ལ། འཚོང་བར་ཡང་སྐྱོད་དགོས་མེད་པར་ད་དུང་འོ་མ་སྤྱི་རྒྱ་ཁ་ཤས་བཙོངས་པའི་རིན་པ་ནི་དེ་སྔོན་རང་ཉིད་ཀྱིས་བཙོངས་པ་ལས་ཀྱང་མཐོ་བ་འདུག ཟླ་རེར་འོ་མ་སོས་པ་བཙོངས་པ་ཁོ་ནར་སྒོར་སྟོང་ཕྲག་ཁ་ཤས་འདུག་པས་ཁྱིམ་ཚང་གི་འགྲོ་སོང་ཙག་ཙིག་གཏོང་བར་གོ་ཆོད་པོ་འདུག”ཅེས་བཤད།

    སྐབས་དེར་གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་ཆེ་མོའི་སྒོ་འགྲམ་དུ་འཁྲུག་ཆ་ཧ་ཅང་དོད་པ་དང་འབྲོག་པ་བརྒྱ་ལྷག་ཙམ་གྱིས་སྒོ་རའི་ཕྱི་ནས་ཞིབ་དཔྱད་ཚད་ལེན་ས་ཚིགས་བར་བང་བསྒྲིགས་ཡོད་པ་རེད། ཚང་མས་ཕན་ཚུན་འབོད་བརྡ་གཏོང་རེས་བྱེད་པ་དང་སྐབས་རེར་འོ་ཟོམ་རྡུང་ཁ་ཐེབས་པའི་སྒྲའང་ཐོས་ཐུབ། ལས་དོན་མི་སྣས་བང་སྒྲིག་སའི་འགྲམ་དུ་སྒྲིག་ལམ་སྲུང་བཞིན“ཚང་མ་བང་རིམ་བཞིན་སྐྱོད་དགོས་པ་མ་ཟད་འོ་ཟོམ་ཚང་མར་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་ཚད་ལོན་རྗེས་གཞི་ནས་བསྡུ་ཡི་ཡོད”ཅེས་བཤད།

    2019ལོའི་གོང་འབྲོག་པ་ཚོའི་འོ་མ་འཚོང་ཁག་པོ་ཡོད། 2019ལོར་བཀྲ་ཤིས་སྒང་ཤང་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་40བསྡུ་སྒྲིལ་བྱས་ནས་གྲོང་ཚོར་འོ་མ་བསྡུ་ཉོ་ས་ཚིགས་བཙུགས་པ་མ་ཟད། ད་དུང་ཞིབ་དཔྱད་ཚད་ལེན་དང་གསོག་ཉར་སོགས་ཀྱི་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད། གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པས་རང་འགུལ་ངང་ཚོང་ལམ་བཙལ་མཐར་ཁེ་ལས་གཉིས་དང་མཉམ་ལས་ཀྱི་གྲོས་མཐུན་འཇོག་ཐུབ་ཡོད་པ་རེད།

    བསྡུ་ཉོ་ས་ཚིགས་གཉེར་སྐྱོང་བྱས་ཚུན། གྲོང་ཚོར་གཅིག་གྱུར་གྱི་བསྡུ་རུབ་དང་། ཞིབ་དཔྱད་ཚད་ལེན། ཕྱིར་འཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལམ་སྲོལ་ཆགས་ཏེ་འབྲོག་པའི“འོ་མ་འཚོང་དཀའ་བའི”གནད་དོན་ཐག་གཅོད་ཡོངས་སུ་ཐུབ་ཅིང་། ད་ཆ་གྲོང་ཚོར་འབྲོག་དུད་200ལྷག་ཙམ་གྱི་འབྲོག་པས་བསྡུ་ཉོ་ས་ཚིགས་ལ་བརྟེན་ནས་ཡོང་འབབ་མང་དུ་ཕྱིན་པར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།