བོད་བྱང་ཐང་གིས་མཛེས་མཐུན་གྲོང་གསེབ་ཀྱི་འབྲོག་གླུ་གསར་པ་བརྩམས།
“ད་ལོའི་བལ་ཧ་ཅང་མཐུག་པོ་འདུག”ཅེས་ཚེ་ཐར་གྱིས་བརྗོད་པ་དང་། ཁོ་པའི་གདོང་པ་དམར་སྨུག་ཏུ་གྱུར་ཡང་མིག་ཟུང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། ཁོ་པས་བལ་སྦར་མོ་གང་གསར་འགོད་པར་བསྟན་པར། ཉི་འོད་འོག་བལ་ལས་འོད་ཀྲིག་ཀྲིག་བྱེད་ཅིང་། ལག་པས་རེག་སྐབས་དྲོ་ཞིང་འཇམ་པའི་ཚོར་སྣང་ཞིག་སྦྱིན་འོང་། ཚེ་ཐར་གྱིས“ད་ཆ་དཀའ་ལས་བརྒྱབ་ནས་བྲེགས་པའི་བལ་དག་ཆར་པས་རློན་པ་ཆགས་དོགས་ཀྱི་སེམས་ཁྲལ་མི་འདུག”ཅེས་བརྗོད།
ཐག་མི་རིང་བའི་སར། ཟོག་སྐྱེལ་རླངས་འཁོར་ཁ་ཤས་ཀྱིས་བལ་དབོར་རྒྱུར་སྒུག་བཞིན་འདུག ལོ་གསུམ་གྱི་གོང་། ཚེ་ཐར་དང་ཡུལ་མི་ཚོས་བལ་གུར་ནང་སྤུངས་ནས་འཇོག་པ་དང་། ཆར་པ་འབབ་རིམ་བཞིན་ཆར་ཆུས་སྦངས་དོགས་ཀྱི་སེམས་ཁྲལ་བྱེད་ཀྱི་ཡོད། ད་ཆ། བལ་སྤུས་ལེགས་དེ་དག་ཐུམ་སྒྲིལ་བརྒྱབ་རྗེས་ཐད་ཀར་སྤྱི་ལེ་10ཡི་སར་ཡོད་པའི་ཚེ་ཐར་གྱི་ཁང་པ་གསར་པར་དབོར་ཐུབ་ཀྱི་ཡོད།
“འགྲོ ངའི་ཁང་པ་གསར་པར་བལྟ་བར་འགྲོ”ཞེས་ཚེ་ཐར་གྱིས་མ་ལག་བདེ་པོས་བལ་ལྷག་མ་དག་རླངས་འཁོར་ནང་བླུག་བཞིན་དུ་གསར་འགོད་པར་དེ་ལྟར་བརྗོད།
སྐར་མ་10སོང་རྗེས་གྲོང་ཚོ་གསར་རྐྱང་ཞིག་གསར་འགོད་པའི་མིག་ལམ་དུ་མངོན་ཞིང་། བོད་བཟོའི་སྡོད་ཁང་གསར་པ་མང་པོ་གྲལ་སྟར་འགྲིག་ལ་ཐོག་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། ཁྱིམ་ཚང་ཚང་མའི་སྒོ་འགྲམ་བར་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། ཚེ་ཐར་གྱི་ཁང་པ་གསར་པའི་སྒོ་ར་རྒྱ་ཆེན་པོ་ཡོད་ཅིང་། ཚོམས་ཆེན་དུ་ཁྱིམ་ཆས་གསར་པ་བསྒྲིགས་པ་དང་། ཐབ་ཚང་ལ་ཆུ་ཀ་ལ་ཁྲིད་པའི་ཁར། ཁྱིམ་དུ་གློག་ཆས་སྣ་ཁ་མང་ཞིང་དྲ་རྒྱ་ཡང་ཁྲིད་ཡོད།
“དེ་སྔོན་སྒོ་ར་གཅིག་ནང་མི་ཕྱུགས་མཉམ་དུ་སྡོད་པ་དང་། ད་ཆ་སྨི་ངོས་གྲུ་100ཙམ་ཡོད་པའི་ཁང་པ་གསར་པའི་བྱེད་ནུས་ཁ་གསལ་དབྱེ་ཡོད”ཅེས་ཚེ་ཐར་གྱིས་བརྗོད་པ་དང་། ཁོ་པས་གྱང་ལྡེབས་ལ་ལག་པས་རེག་བཞིན“ང་རང་དགའ་ཤོས་ནི་བལ་བསྡུའི་རླངས་འཁོར་ཐད་ཀར་སྒོ་འགྲམ་དུ་གཏོང་ཐུབ་པས། དཀའ་སྤྱད་ངལ་རྩོལ་བྱས་པའི་འབྲས་བུ་འཕྲོ་བརླག་འགྲོ་བའི་སེམས་ཁྲལ་བྱེད་མི་དགོས་པ་དེ་རེད”ཅེས་བརྗོད།
འགྱུར་ལྡོག་འདི་ནི་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་བའི་རྐྱང་རོང་གྲོང་ཚོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལས་བྱུང་ཞིང་། ཤན་རྩ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་སྐལ་བཟང་ཐུབ་བསྟན་གྱིས། རྣམ་གྲངས་དེས“སྲིད་གཞུང་གིས་མ་འཇོག་དང་འབྲོག་དུད་ཀྱིས་རང་གྲབས་བྱེད་པའི”བྱ་ཐབས་སྤྱད་དེ་ཁང་པའི་དཔེ་དབྱིབས་རིགས་4ཇུས་འགོད་བྱས་ནས་འབྲོག་པར་གདམ་དུ་བཅུག་ཡོད། “ཁང་པའི་དཔེ་དབྱིབས་དང་བཀོད་པ། བྱེད་ནུས་བཅས་ལ་འབྲོག་པའི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་ནས་དུད་ཚང་ཚང་མར་རང་གི་བློ་ལ་འབབ་ཤོས་ཀྱི་ཁང་པ་འདེམས་ཐུབ་པ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།
རྐྱང་རོང་གྲོང་ཚོའི་འགྱུར་ལྡོག་དེ་ནི་ནག་ཆུའི་གྲོང་གསེབ་དར་རྒྱས་འཆར་གཞིའི་གྲས་ཤིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནག་ཆུ་གྲོང་ཁྱེར་གྱིས་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་26.48བཏང་ནས་གྲོང་ཚོ་101རྣམ་པ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཨར་འདམ་གཞུང་ལམ་མང་པོ་རྩྭ་ཐང་གི་ཕུ་རུ་བསྐྲུན་ནས་ལེ་དབར་ཁྲི་ཡི་བྱང་ཐང་གི་ས་ཆ་མང་པོ་འབྲེལ་མཐུད་ཐུབ་ཡོད། དེང་རབས་ཅན་གྱི་བཀར་འཇུག་ཟོག་འགྲེམས་ས་ཚིགས་མུ་ཏིག་བཞིན་མི་འབོར་འདུས་ཆེ་ཁུལ་དུ་ཁྱབ་པ་དང་། ཞིང་འབྲོག་དུད་ཚང་95%མི་ཕྱུགས་ལོགས་དབྱེ་ཐུབ་ནས་འབྲོག་ཁུལ་དུ་དེང་རབས་ཤེས་དཔལ་གྱི་རྣམ་པ་གསར་པ་ཐོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།