དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མངའ་རིས་ཀྱིས“དམིགས་པ་གསུམ”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ“དཔྱ་ཁྲལ་གྱི་སྒུལ་ནུས”བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-01

    འདི་ནི་མངའ་རིས་ས་ཁུལ་གྱི་ཁྲལ་དོན་ལས་བྱེད་པས་ཞིང་པར་བཙས་མ་བརྔ་རོགས་བྱེད་བཞིན་པ།

    མངའ་རིས་ས་ཁུལ་གྱི་ཁྲལ་དོན་སྡེ་ཚན་གྱིས“ཐོན་ལས་དར་རྒྱས་དང་། ཤེས་ལྡན་པ་དར་སྤེལ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཁྲལ་འབབ་ཀྱི་འགན་ནུས་འདེགས་སྐྱོར་དུ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། གྲོང་སྡོད་ཤེས་ལྡན་པས་མཐུན་རྐྱེན་སྦྱོར་བ། སྒེར་གཉེར་དཔལ་འབྱོར་གྱིས་གཡས་གཞོགས་གཡོན་འདེགས་བཅས་ཕྱོགས་གསུམ་ལ་དམིགས་པ། ཁྲལ་འབབ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། ཁྲལ་འབབ་གཟིགས་སྐྱོང་དཔྱིད་རླུང་གིས་གངས་ལྗོངས་ས་མཐོར་དྲོ་སྐྱིད་སྦྱིན་པ་རེད།

    ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་ཀྱིས་ས་མཐོའི“རང་བརྟེན་ནུས་ཤུགས”འཕེལ་བར་བྱས་པ།

    རྩྭ་མདའ་རྫོང་གླང་ཆེན་ཁ་འབབ་ལུང་གཞུང་དུ། ཚད་ལྡན་ཅན་གྱི་འདེབས་འཛུགས་དྲོད་ཁང་108ཀྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད། དེའི་ནང་ཤིས་ཀྭ་དྲོད་ཁང་ཁོ་ན་ནས་ལོ་རེར་ཐོན་འབབ་རིན་ཐང་སྒོར་ཁྲི་1.5ཟིན་པ་དང་སྔོ་ཚལ་དྲོད་ཁང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་0.35ཟིན་པས། དུད་ཚང་30ལྷག་ཙམ་སྒོ་རྩར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་ལོ་རེའི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་25ཟིན་གྱི་ཡོད།

    ཁྲལ་འབབ་སྲིད་ཇུས་གནད་སྨིན་གྱི་སྦྲང་ཆར་ཟིལ་མས་ཐོན་ལས་འཕེལ་རྒྱས་ཀྱི་ཞིང་ས་བརླན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་རྩྭ་མདའ་རྫོང་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེན་པོར་བརྟེན་ནས་འདེབས་འཛུགས་ཐོན་ལས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ་འདེབས་འཛུགས་ཁེ་ལས་ལ“སྡེབ་སྒྲིག་སྲིད་ཇུས”གནད་སྨིན་བཟོས་པ་སྟེ། དྲ་ཐོག་ཏུ་བསྡུ་ལེན་མཉམ་འགུལ་ལས་སྟེགས་བརྒྱུད་འདེབས་འཛུགས་ཁེ་ལས་ལ་དུས་ཐོག་ཏུ་རང་ཐོན་ཞིང་ལས་ཐོན་རྫས་ཀྱི་གནས་ཐང་འཕར་ཁྲལ་རྩ་ཆག་དང་། ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་དང་རྩ་ཆག འཛིན་ཁྲལ་ཆག་ཡང་དང་རྩ་ཆག་སོགས་གཟིགས་སྐྱོང་སྲིད་ཇུས་བཏོན་པ་དང་། དྲ་ཕྱིར་ལས་སྒོའི་རྐང་འཛིན་པ་ལས་གྲུབ་པའི“ཁྲལ་དངུལ་སྲིད་ཇུས་མྱུར་སྐྱེལ་ཆེད་སྒྲུབ་ཚོགས་པ”བཙུགས་ནས་གླིང་ཁུལ་དུ་ཐིགས་ཆུ་གཏོང་བ་ལྟ་བུའི་ཟུར་ཁྲིད་བྱས་པ་རེད། 2024ལོ་ཚུན་དུ། བོད་ལྗོངས་རུང་ཤིན་སྐྱེ་ཁམས་ཞིང་ལས་འཛུགས་སྐྲུན་གསར་སྤེལ་དོ་དམ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་ཁྲལ་རིན་གཉིས་ཀ་སྒོར་ཁྲི་258རྩ་ཆག་དང་ཆག་ཡང་ལོངས་སུ་སྤྱད་ཡོད་པ་རེད།

    ཤེས་ལྡན་པ་གྲོང་སྡོད་ལ་དམིགས་ཏེ་ཁྲལ་དོན་ལས་བྱེད་པ་གྲོང་གསེབ་འཕེལ་རྒྱས་ཀྱི་ཇུས་འདོན་ཚོགས་པར་གྱུར་པ།

    བསྟི་ཡག་ཤང་རོང་སྟོད་ཆུ་ཁའི་གནས་སྤོ་བཀོད་སྒྲིག་ས་ཚིགས་ཀྱི(སྒེར་རྩེ་རྫོང་བྲག་པོ་ཤང་ལྡིང་སྒོ་གྲོང་ཚོ་དང་མ་མོ་གྲོ་མོ་གྲོང་ཚོ་དེ་གར་སྤོས་པ)གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱ་ཡུལ་དུ་རྟག་ཏུ་མཚན་མོ་ཕྱི་པོར་ཡང་གློག་འོད་ཁྲ་ལྷམ་མེར་སྤར་ཞིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས་མངགས་པའི་གྲོང་སྡོད་ལས་བྱེད་པས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ལ་གྲོས་བསྡུར་བྱེད་བཞིན་ཡོད། ལྡིང་སྒོ་གྲོང་ཚོ་དང་མ་མོ་གྲོ་མོ་གྲོང་ཚོ་ལས་གྲུབ་པའི་དུད་ཚང་86གི་མི་389ཡོད་པའི་གྲོང་ཚོ་དེ་ཐོན་ལས་རྐྱང་མ་དང་ཤེས་ལྡན་པ་དཀོན་པའི་དབང་གིས་འཕེལ་རྒྱས་ལ་དཀའ་ངལ་འཕྲད་པ་དང་། དབུལ་སྒྲོལ་དུད་ཚང་17གྱི་ཡོང་འབབ་མུ་མཐུད་འཕར་མིན་ཐད་གྲོང་སྡོད་ལས་བྱེད་པར་སེམས་ཁྲལ་ཆེན་པོ་ཡོད་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཕུན་ཚོགས་དབང་རྒྱལ་གྱིས“སྲིད་ཇུས་དྲིལ་བསྒྲགས་བྱེད་དགོས་ལ། སྒུལ་ནུས་དེ་བས་ཀྱང་འཕེལ་བར་བྱེད་དགོས”ཞེས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་རུ་ཁག་གིས“བློ་སྐྱོར་དང་རིག་སྐྱོར་ཟུང་དུ་འབྲེལ་བའི”ཕྱོགས་གཉིས་ནས་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་གཏོད་སྒོས་བཏོན་པ་སྟེ། ཕྱོགས་གཅིག་ནས་ཆེད་དོན་མ་དངུལ་བརྩོན་ལེན་གྱིས་སྤྱི་པའི་གསང་སྤྱོད་ལེགས་སུ་དང་གད་སྙིགས་བརྒྱུད་འདྲེན་རླངས་འཁོར་ཉོ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཁག་20འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས“འཕྲུལ་ཆས་བོགས་གཏོང་དང་། ཤིང་འབྲས་ལྡུམ་རར་འདེབས་འཛུགས། དྲོད་ཁང་ཆེན་པོར་འདེབས་འཛུགས། དམངས་ཕན་སྒོ་རྩིས་ཚོང་ཁང་བཅས་ཟུང་དུ་འབྲེལ་བའི”སྣ་མང་ཐོན་ལས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།

    སྒེར་གཉེར་དཔལ་འབྱོར་ལ་དམིགས་ཏེ་ཞབས་འདེགས་ཞིབ་ཚགས་ཞུས་ནས་ཁྲོམ་རའི་སྟོབས་ཤུགས་གསར་པ་སྐྱེད་སྲིང་བྱས་པ།

    “ལས་སྒོ་གཉེར་ནས་ཡུན་རིང་མ་སོང་བར། ཁྲལ་དོན་ལས་བྱེད་པས་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་སྒོ་རྩར་དྲིལ་བསྒྲགས་བྱས་ནས་དྲ་ཐོག་ཁྲལ་དོན་ཅུས་སྤྱོད་སྟངས་བསླབས་བྱུང”ཞེས་སྒར་རྫོང་གི་སྒེར་གཉེར་དུད་ཚང་ཚེ་རིང་སྒྲོལ་མས་ཁྲལ་དོན་ཞབས་ཞུར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། སྒེར་གཉེར་དཔལ་འབྱོར་གྱི་དུས་འགོའི་དཀའ་ངལ་ལ་དམིགས་ནས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྒར་རྫོང་ཁྲལ་དོན་ཅུས་ཀྱིས“སྦྲང་ཆར་ཟིལ་མས་ལྗང་བུ་བརླན་པའི་བྱ་སྤྱོད”སྤེལ་ཏེ་གསར་དུ་བཙུགས་པའི་ཚོང་ཁང་ལ་རྩིས་ཐོ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་རོགས་དང་། “ལས་འགོ་འཛུགས་པའི་སློབ་ཚན་དང་པོའི”གསོ་སྦྱོང་བྱས་པ། གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་ཁྲལ་བསྡུའི་གཟིཌ་སྐྱོང་སྲིད་ཇུས་ཁག་ལ་གསལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། བཀོལ་སྤྱོད་ལག་དེབ་སྤྲད་པ་དང་། འཛིན་ཤོག་འབྲི་བ་དང་ཁྲལ་འཇལ་རེ་ཞུའི་བརྒྱུད་རིམ་ཧྲིལ་པོར་ཟུར་ཁྲིད་ཀྱང་བྱས་པ་རེད། སྒར་རྫོང་ཁྲལ་གཉེར་ཞབས་ཞུ་ཐིང་གི“སྒེར་གཉེར་དཔལ་འབྱོར་གྱི་ཐོགས་མེད་བགྲོད་ལམ”ནས་ཉིན་ལྟར་ལས་སྒོ་ཁག་17གཉེར་ནས་ཁྲལ་འཇལ་མཁན་ཚོ་ཁྲལ་འཇལ་སྐབས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱུང་ཡོད།

    རྩྭ་མདའ་རྫོང་གི་འདེབས་འཛུགས་དྲོད་ཁང་108ནས་སྒར་རྫོང་གི་སྒེར་གཉེར་ཚོང་ཁང་བར་དང་གྲོང་སྡོད་བྱ་ཡུལ་གྱི་མཉམ་སྡེབ་དཔལ་འབྱོར་ནས་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་བར། ཁྲལ་འབབ་སྲིད་ཇུས་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། ཁྲལ་འབབ་གཟིགས་སྐྱོང་གིས་ས་མཐོའི་དཔལ་འབྱོར་གྱི་སྒུལ་ཤུགས་འཕེལ་བཞིན་ཡོད། སླད་ཕྱིན་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས“དམིགས་པ་གསུམ”གྱི་ལས་ཀའི་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་དེ་བས་གནད་སྨིན་དང་། ཞབས་འདེགས་དེ་བས་སེམས་རྩ་འཁོལ་བ། འཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་བ་བཅས་འཛམ་གླིང་ཡང་རྩེར་ཁྲལ་འབབ་ཀྱིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་དུས་རབས་ཀྱི་རྒྱུགས་ལན་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།