བོད་ལྗོངས་མེ་ཏོག་རྫོང་དམག་སྡེ་གྲོང་ཚོའི་ཕྱུག་འགྱུར་ལམ་བུ་ཡངས།
ཞོགས་པའི་སྨུག་སྤྲིན་རི་རབ་ཀྱི་སྒལ་གཞུང་དུ་འཁྱུད་པ་དང་སྦྲགས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དམག་སྡེ་གྲོང་ཚོའི་ཞིང་ཁའི་མུ་ཁར་རྒྱུས་མངའ་ཆེ་བའི་གཟུགས་བརྙན་ཞིག་འཆར་ཞིང་། ལོ་79ལ་སླེབས་པའི་ཏང་ཡོན་རྒན་གྲས་ཏུང་ཧྲེང་གིས་སྒུར་སྒུར་ངང་སྙེ་མ་འགའ་བསྒྲུགས་པ་དང་། སྦར་མཐིལ་ནང་གི་འབྲས་རྡོག་རེ་རེར་ལྟ་སྐབས་མིག་ཟུར་དུ་འཛུམ་པའི་རླབས་གཉེར་མངོན་པ་ལས་མོན་པ་རིགས་གྲོང་ཚོའི་ལོ་གཅིག་གི་རེ་བ་ཡོངས་སུ་གྲུབ་པ་མཚོན་ཐུབ། ཟླ་9པའི་ཉིན་འདིར། དེ་སྔ་ལ་རྒྱབ་ཀླུང་བརྒལ་གྱིས་དོ་པོ་དབོར་དགོས་པའི་མཐའ་མཚམས་གྲོང་ཚོ་དེར་སྒམ་ནན་གྱི་མཛད་སྒོ་ཞིག་འཚོགས་ནས་རང་ཉིད་ལ་དབང་བའི“ལོ་ལེགས་དུས་ཆེན”ལ་རྟེན་འབྲེལ་ཞུ་བཞིན་འདུག
“ལྟོས་དང་། ལམ་འདི་ནི་དེ་སྔ་གཡང་གཟར་ཉེན་ཆེའི་ལམ་ཡིན་ཡང་ད་ཆ་ཕྱུག་འགྱུར་གྱི་ལམ་བུ་རེད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་ཚེ་རིང་གིས་གཞུང་ལམ་གྱི་འགྲམ་དུ་ལངས་ནས་དེ་ལྟར་བརྗོད། དེ་སྔ་གྲོང་ཚོའི་དར་མ་ཚང་མ་དོ་པོ་དབོར་མཁན་ཡིན་པ་དང་། རྒྱ་མ་120ཟིན་པའི་དོ་པོ་ཁུར་ནས་ས་བབ་སྨི་4200ཟིན་པའི་གངས་རི་བརྒལ་དགོས་ཀྱང་། དོ་པོ་རྒྱ་མ་རེར་སྒོར་2ལས་རག་གི་མེད་ལ་ད་དུང་གངས་རྡིབ་ཀྱི་ཉེན་ཁའང་ཡོད། ད་ཆ་གཞུང་ལམ་ཤར་གཏོང་ཐུབ་ནས་ཏང་ཀྲི་པུས་གྲོང་མིའི་སྣེ་ཁྲིད་དེ་ཤིང་འབྲས་མུའུ་300ལྷག་ཙམ་བཏབ་པ་མ་ཟད། ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་ཡང་གཉེར་བས་ན་ནིང་གྲོང་ཚོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་420ལྷག་ཙམ་ཟིན་ནས་མི་རེར་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་8000ནས་སྒོར་ཁྲི་2.9བར་འཕར་ཡོད། “སྤོབས་པ་ཆེ་ཤོས་ཤིག་ནི་སློབ་གྲྭ་ཆེ་མོ་བ་10ལྷག་ཙམ་གྲོང་ཚོར་ལོག་ནས་ལས་གཏོད་བྱས་པ་དེ་རེད”ཅེས་དོན་གྲུབ་ཚེ་རིང་གིས་ཐག་མི་རིང་བའི་སར་གནས་པའི་ཚོང་ཁང་ལ་མཛུབ་མོ་བཙུགས་ནས་མིག་ཟུང་ལས་ཡིད་ཆེས་ཀྱི་འོད་མདངས་འཕྲོ།
ལོ་ལེགས་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་ཞིག་ནི་གྲོང་གསེབ་ཀྱི་ཉམས་སྣང་གིས་ཕྱུག་པའི་ལུས་རྩལ་འགྲན་ཚོགས་དེ་རེད། འབྲུའི་དོ་པོ་དབོར་བའི་འགྲན་བསྡུར་ནང་། བོད་རིགས་དང་མོན་པ་རིགས་ཀྱི་ཡུལ་མི་ལས་གྲུབ་པའི་རུ་ཁག་གིས་དོ་པོ་ཁྱེར་ནས་རྒྱུག་ཤར་གློད་སྐབས་ལས་གཞས་གཏོང་བ་དང་། མ་རྨོས་ལོ་ཏོག་གི་རྡོག་པོ་འདོན་པའི་འགྲན་རར་བུད་མེད་ཚོས་ལག་པ་གཅིག་ཤོར་གཉིས་ཤོར་གྱིས་མ་རྨོས་ལོ་ཏོག་གི་རྡོག་པོ་སེར་རིལ་རིལ་དུ་སླེ་པོའི་ནང་བཏོན་པར་ལྟད་མོ་བའི་དགའ་འབོད་ཡང་ཡང་ཐོབ། “འདི་ནི་ང་ཚོ་ཞིང་པའི་འགྲན་བསྡུར་རང་རེད”ཅེས་ཨང་དང་པོ་བླངས་མ་ཐག་པའི་ཏུང་ཝེ་ཁྲེང་གིས་རྔུལ་ཆུ་འཕྱིད་བཞིན་དུ་བཤད། འགྲན་བསྡུར་གྱི་བར་གསེང་དུ། ལས་བྱེད་པས་གོ་སྐབས་དང་བསྟུན་ནས“སྲིད་ཇུས་གཤོམ་སྟེགས”བཙུགས་ཏེ་ཡུལ་སྐད་ནས་སྨན་རིན་རྩིས་ཞུ་དང་འབྲུ་འདེབས་ཁ་གསབ་སོགས་སྒྲོག་འགྲེལ་བྱས་པར་ཡུལ་མི་ཚོས་རྣ་ཅོག་ཀྲོང་ཀྲོང་གིས་ཉན།
“དུས་ཆེན་འདི་ཧ་ཅང་ཡག་པོ་གཉེར་འདུག”ཅེས་ཡུལ་མི་སངས་རྒྱས་རྡོ་རྗེས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལི་དབྱིང་གི་ལག་ནས་བཟུང་སྟེ་དགའ་སྤྲོ་ཆེན་པོས་བརྗོད། ལི་དབྱིང་གིས་ཡུལ་མི་ཚོའི་དགའ་སྤྲོས་ཁེངས་པའི་གདོང་ལ་ལྟ་བཞིན་དུ་མིག་མཐའ་དམར་པོར་གྱུར་ཞིང་། “འདི་ངས་ཡག་པོ་གཉེར་བ་མ་རེད། ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་རེད་ལ། ཚང་མས་འབད་བརྩོན་བྱས་པས་ཀྱང་རེད། ལོ་ཤས་གོང་། གྲོང་ཚོར་བྱེད་སྒོ་སྤེལ་ཡུལ་ངོ་དྲག་པ་གཅིག་ཀྱང་མེད། ད་ཆ་ཐོན་ལས་དར་རྒྱས་སོང་བ་དང་ཡོང་འབབ་འཕར་བས་ཞིང་པར་ཡང་སོ་སོའི་དུས་ཆེན་གཏོང་རྒྱུ་བྱུང་ཡོད། འདི་ནི་འགོ་བརྩམས་པ་ཙམ་རེད། ང་ཚོས་ད་དུང་དམག་སྡེ་གྲོང་ཚོ་འདི་ཉིད་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོར་སྐྲུན་དགོས”ཞེས་ལི་དབྱིང་གིས་གདེང་ཚོད་ཆེན་པོས་བཤད།
ལ་ཁའི་ཉི་འོད་དམག་སྡེ་གྲོང་ཚོར་འཕྲོས་ནས་ས་ལེ་སྦྲམ་གྱི་ཞུན་མ་བྱུག་པ་ལྟར་སྣང་བ་དང་། ལོ་ལེགས་དུས་ཆེན་མཇུག་འགྲིལ་ཡང་། གྲོང་ཚོའི་གཏམ་རྒྱུད་ནི་སྔར་བཞིན་གང་སར་གྲགས་བཞིན་ཡོད། དོ་པོ་དབོར་མཁན་གྱི་རྐང་རྗེས་བཞག་པའི་རི་ལམ་གྱ་གྱུ་ནས་འཁོར་རིགས་སྣ་ཚོགས་འགྲོ་འོང་བྱེད་པའི་ཡངས་པའི་ལམ་ཆེན་གྱི་བར་དང་། ཐར་ཐོར་དུ་འདེབས་པའི་ས་ཞིང་ཞན་པོ་རེ་གཉིས་ནས་གཞི་ཁྱོན་ཆེན་པོས་འཕེལ་རྒྱས་འགྲོ་བའི“གཞུང་ལམ་དཔལ་འབྱོར”གྱི་བར། འགྲིམ་འགྲུལ་སྟབས་བདེ་མེད་པའི་མཐའ་མཚམས་གྲོང་ཚོ་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་གྲོང་ཚོའི་བར། དམག་སྡེ་གྲོང་ཚོའི་འཕོ་འགྱུར་ནི་བོད་ཀྱི་ཞིང་ལས་གྲོང་གསེབ་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད་ལ། ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ་བའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་དེ་བས་ཀྱང་རེད།
མཚན་མོ་སྟོན་རླུང་དལ་བུར་ལྡང་ཞིང་། རྒད་པོ་ཏུང་ཧྲེང་སླར་ཡང་ཞིང་ཁའི་ནང་དུ་བསྐྱོད་དེ་འབྲས་སྙེའི་སྙེ་རླབས་ལ་བལྟས། ཁོང་གིས་ལོ་ལེགས་འདི་ནི་འབྲུ་རིགས་ཀྱི་ལོ་ལེགས་ཙམ་མིན་པར། ཏང་དམངས་སེམས་པ་གཅིག་གི་མཛའ་བརྩེ་དང་གྲོང་གསེབ་དར་རྒྱས་ཀྱི་རེ་བ་དེ་བས་ཀྱང་ཡིན་པ་ཤེས་ཀྱི་ཡོད། ཏང་གི་འོད་ཟེར་འོག་མཐའ་མཚམས་གྲོང་ཚོ་ཆུང་ངུ་འདི་སྔར་ལས་སྐྱིད་པའི་འཚོ་བར་ཕྱོགས་ནས་གོམ་པ་བརྟན་པོས་མདུན་དུ་སྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།