སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས། བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ནས་གཏམ་བཟང་གྲཌ་ཤིང་། སྒྱུར་བཀོད་རྣམ་གྲངས་རབ་དང་རིམ་པ་བདེ་བླག་ངང་ལས་མཇུག་འགྲིལ་ནས། ཡུལ་མི་མི་ཉུང་བ་ཞིག་གི་འཚོ་བའི་ཁོར་ཡུག་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་གསར་པ་བྱུང་ཡོད།
གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོ་ཆུ་འགོ་སྒང་ཚོགས་ཆུང་དུ་སྐྱོད་སྐབས། དེ་སྔའི་ས་རྡོའི་ལམ་འབར་འབུར་དེ་དག་ད་ཆ་གཙང་ཞིང་ཁོད་སྙོམས་པའི་ཨར་འདམ་ལམ་དུ་གྱུར་ནས་དུད་ཚང་ཚང་མའི་སྒོ་རྩ་བར་བཏིང་ཡོད། རྒན་རྒོན་ཁ་ཤས་ལམ་འགྲམ་དུ་ཉི་མ་སྲོ་བཞིན་འགྱུར་ལྡོག་གླེང་བ་དང་། བྱིས་པ་ཁག་གཅིག་ཤུད་འཁོར་བཏང་ནས་སྒོ་འགྲམ་གྱི་ལམ་བུའི་ཐོག་རྩེད་འཇོར་རོལ་བ་དང་ཁོ་ཚོའི་དགོད་སྒྲ་སྲང་ལམ་ཡོངས་སུ་ཁྱབ། འགྲོ་ལམ་གཞོགས་གཉིས་སུ་གསར་དུ་བསྒར་བའི་ཉི་ནུས་གློག་སྒྲོན་ཀྲོང་ངེར་གནས།
“གཟིགས་དང་། ད་ཆ་ལམ་བུ་ཁོད་སྙོམས་པའི་སྒང་ལ་མཚན་མོ་གློག་སྒྲོན་གསལ་བས་སྔོན་མ་ལས་ལྡབ་ཀྱིས་སྐྱིད་པ་འདུག འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་ཡི་འདུག”ཅེས་རང་ཁྱིམ་གྱི་སྒོ་རྩ་བར་བཏིང་པའི་ཨར་འདམ་ལམ་བུར་ལྟ་བཞིན་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་ཡུལ་མི་དཀོན་མཆོག་བསྟན་པས་འཛུམ་དམུལ་དམུལ་ངང་བཤད། ཁོང་གི་མིག་ཟུང་ལས་དེང་གི་འཚོ་བར་བློ་ཡིད་ཚིམ་པོ་བྱུང་བ་གསལ་པོར་མཐོང་ཐུབ། དེ་ནི་ཡུལ་དེའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་རྗེས་ཡུལ་མིའི་འཚོ་བར་དགའ་འོས་པའི་འགྱུར་ལྡོག་བྱུང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བདེ་རྩ་ཨང་དང་པོར་བཞག་ནས་སྡོད་ཁང་སྐྱོ་ཁུལ་ལ་སྒྱུར་བཀོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཤུགས་སྣོན་རྒྱུན་མཐུད་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ས་བསལ་ཡོད། སྲང་ལམ་ནང་ཨར་འདམ་འདིང་བ་ནས་མདོང་ལམ་དང་གློག་སྐུད་ལ་གཅིག་གྱུར་ལེགས་སྒྲིག་བྱེད་པའི་བར་དང་། ལམ་སྒྲོན་བསྒར་བ་ནས་བྱེད་ནུས་ཆ་ལག་ཚང་བ་བཀོད་སྒྲིག་བྱེད་པའི་བར་གྱི་ལག་བསྟར་གནད་ལ་འཕིགས་པའི་སྒྱུར་བཀོད་ལས་གྲྭ་རབ་དང་རིམ་པ་ལས་ཁུལ་ཆུང་རྙིང་པའི་རྣམ་པ་གསར་རྐྱང་དུ་གྱུར་པ་མ་ཟད། ཡུལ་མིའི་བདེ་སྐྱིད་འཚོ་བའི་སྤུས་ཚད་དེ་བས་ཀྱང་ལེགས་སུ་ཕྱིན་ཡོད།
ད་ཐེངས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱིས་ཁྱོན་རྣམ་གྲངས་4ལ་སྐུལ་འདེད་བཏང་བ་དང་ཁྱབ་རྒྱ་ཆེན་པོ་ཡོད། དེའི་ཁྲོད་2023ལོར་འབྲི་གུང་ཤར་ལམ་བྱང་ངོས་ཀྱི་སྡོད་ཁང་སྐྱོ་ཁུལ་དང་གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོ་ཚོགས་ཆུང་གསུམ་པའི་དུས་ཐེངས་གཉིས་པས་མང་ཚོཌ་དུད་ཚང་175ལ་ཕན་པ་ཐོབ་པ་དང་། 2024ལོར་གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོའི་ཚོགས་ཆུང་གསུམ་པའི་དུས་ཐེངས་གསུམ་པ་དང་ཚོགས་ཆུང་དྲུག་པ་སོགས་ཀྱི་རྣམ་གྲངས་ལས་ཡུལ་མི་དེ་བས་མང་བར་ཕན་པ་ཐོབ་ནས་ཁྱིམ་ཚང་དེ་བས་མང་བར་སྒྱུར་བཀོད་ཀྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
སྒྱུར་བཀོད་དོན་ཐོག་ཏུ་འཁྱོལ་ཆེད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་4600ལྷག་ཙམ་བཏང་བ་དང་དངུལ་ཚང་མ་དོན་འཁྱོལ་གནད་སྨིན་བྱུང་ཞིང་། རྣམ་གྲངས་ཁག་གཅིག་ལ་བརྟེན་ནས་སྒོ་ར་དང་ལམ་ངོས་ཉམས་བཟོ་དང་ལམ་སྒྲོན་གསར་པ་བསྒར་ནས་ཡུལ་མི་ཕྱིར་སྐྱོད་པར་དེ་བས་སྟབས་བདེ་བསྐྲུན་པ་དང་། རྣམ་གྲངས་ཁག་གཅིག་ལ་བརྟེན་ནས་གློག་སྐུད་དང་ཆུ་སྙིགས་མདོང་དྲ་གཙོ་བོ་ཁྲིད་ནས་ཡུལ་མིའི་འཚོ་བའི་ཁྲོད་ཀྱི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཐག་གཅོད་བྱས་པ། རྣམ་གྲངས་ཁག་གཅིག་ལ་བརྟེན་ནས་རླངས་འཁོར་འཇོག་ས་མང་དུ་བཏང་བ་དང་འགྲོ་ལམ་དང་མདོང་དྲ་འཐུས་སྒོ་ཚང་དུ་བཏང་ནས་ཡུག་ཁུལ་གྱི་བྱེད་ནུས་ཆ་ཚང་དུ་བཏང་བ་རེད།
ད་ཆ་ཁོད་སྙོམས་པའི་ལམ་ངོས་དང་། གྲལ་འགྲིག་པའི་མདོང་ལམ། འོད་གསལ་བའི་ལམ་སྒྲོན་བཅས་ནི་མལ་གྲོ་གུང་དཀར་རྫོང་གི་སྡོད་ཁང་སྐྱོ་ཁུལ་གྱི་ཚད་གཞི་གསར་པར་གྱུར་ཡོད། “འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་ཡི་འདུག”ཅེས་པའི་དཀོན་མཆོག་བསྟན་པའི་སྐད་ཆ་ལས་ཡུལ་མིའི་སྙིང་གཏམ་མཚོན། ཡུལ་མིའི་འཚོ་བའི་འགྱུར་ལྡོག་ནི་དམངས་འཚོའི་འདུ་འགོད་ཀྱི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་མཇུག་འགྲིལ་བ་ལས་བྱུང་བའི་སྐྱིད་སྣང་དེ་ས་གནས་དེ་གའི་མང་ཚོགས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་ངར་ཤུགས་ཆེན་པོ་ཞིག་ཏུ་གྱུར་ནས། མལ་གྲོ་གུང་དཀར་རྫོང་གི་འཕེལ་རྒྱས་ལ་དྲོ་སྐྱིད་དང་སྒུལ་ཤུགས་སྣོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།