སྒོ་རྩའི་ཐོན་ལས་ཡར་ངོའི་ཟླ། ཡུལ་མིའི་ཡོང་འབབ་དབྱར་མཚོ་རྒྱས།
—— ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་མཐོང་ཐོས།
ཉིན་ཤས་བསྟུད་མར། གསར་འགོད་པ་གྲོང་ཚོ་ཁག་གི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ས་མདུན་མར་སྐྱོད་སྐབས། སྲིད་ཇུས་ཀྱི་འདེགས་སྐྱོར་དང་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ཞིང་། འཕེལ་རྒྱས་གཏོང་རིང་གཞི་རིམ་གྱི་མང་ཚོགས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཕན་པ་མི་ཉུང་བ་ཐོབ་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་ཀྱིས་གཞི་རིམ་མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ལས་གཏོད་ཀྱི་གོ་སྐབས་བསྐྲུན་ནས་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་བརྟན་པོ་རག་ཡོད་པ་མཐོང་ཐོས་བྱུང་།
“སྒོ་རའི་མཛེས་ལྗོངས”ནས“སྒོ་རའི་དཔལ་འབྱོར” བར་གྱི་འགྱུར་ལྡོག
མཚོ་སྣ་གྲོང་ཁྱེར་སྦྱོར་ར་ཤང་གི་ཤར་ལྷོའི་མཚམས་སུ་གནས་པའི་བཀྲ་མཐོང་གྲོང་ཚོ་ནི་2021ལོར་ཀྲུང་གོ་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གིས་གཏན་འཁེལ་བྱས་པའི“གྲོང་གསེབ་དར་རྒྱས་ལ་དངུལ་རྩས་མཐའ་མཚམས་སྲུང་བའི”དཔེ་སྟོན་ཚོད་ལྟ་བྱ་ཡུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུ་དང་སྤྱི་ཕན་རོགས་སྐྱོར་ཤུགས་རྒྱག་སར་བྱས་ནས། “དངུལ་རྩའི་གྲོང་ཚོའི་ཀྲུའུ་རེན”བཙུགས་ཏེ“སྒོ་རའི་དཔལ་འབྱོར་གྱི་དངུལ་བུན”ཁྱབ་གདལ་བཏང་བ་མ་ཟད། སྤྱི་ཁྱབ་དངུལ་ཁང་དང་ཡན་ལག་དངུལ་ཁང་གིས་ཞལ་འདེབས་བརྒྱབ་པའི་མ་དངུལ་སྒོར་ཁྲི་600ཙམ་ལ་བརྟེན་ནས་བཀྲ་མཐོང་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བཅས་ལ་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་རེད།
ལྷོ་ཁ་ཡན་ལག་དངུལ་ཁང་གིས་བཀྲ་མཐོང་གྲོང་ཚོར“གྲོང་གསེབ་དར་རྒྱས། སྒོ་རའི་དཔལ་འབྱོར་གྱི་དངུལ་བུན”ཚོད་ལྟ་ཁྱབ་གདལ་བཏང་ཞིང་། དངུལ་གྲངས་མང་ཞིང་སྐྱེད་ཀ་དམའ་ལ་འགྲོ་ལུཌ་སྟབས་བདེ་བ་བཅས་བརྒྱུད། རིམ་རྩིས་བརྒྱབ་ན་དངུལ་བུན་ཁག་50བཏང་བར་མ་དངུལ་སྒོར་ཁྲི་730ཟིན་ནས་དུད་ཚང་50ཡི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་ཡོད། ཡན་ལག་དངུལ་ཁང་གིས་གོང་རིམ་དངུལ་ཁང་གིས་ཞལ་འདེབས་བརྒྱབ་པའི་མ་དངུལ་དེ་གྲོང་ཚོ་དེ་གའི་ཆུ་ཡུར་སྒྱུར་བཀོད་དང་། ཞིང་དུད་ཀྱི་ལྕགས་རི་སྐོང་སྐྱོར། ཡུལ་མིས་སྒོ་ར་དང་ཉེ་འཁོར་ལ་འདེབས་འཛུགས་དང་གསོ་ཚགས་བྱེད་པར་རྒྱབ་སྐྱོར་སོགས་ཀྱི་རྣམ་གྲངས་ལ་བཏང་ནས“སྒོ་རའི་མཛེས་ལྗོངས”ནས“སྒོ་རའི་དཔལ་འབྱོར”ལ་འགྱུར་རོགས་བྱས་ཤིང་། ད་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་བར། ཡན་ལག་དངུལ་ཁང་གིས་བཀྲ་མཐོང་གྲོང་ཚོའི་ཐེམ་གྲངས་159ལ་དངུལ་བུན་བཏང་བ་དང་། ད་དུང་དངུལ་སྒོར་ཁྲི་2511ལྷག་ཡོད་པ་དེ་2021ལོའི་ལོ་མཇུག་ལས་སྒོར་ཁྲི་898འཕར་ཡོད།
ཡུལ་མིར་ཐོན་ལས་ནས་ཡོང་འབབ་རག་པར་བྱ་ཆེད། ཡན་ལག་དངུལ་ཁང་དེས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་90བཏང་ནས་གྲོང་ཚོར་ཕོ་ཕག་ཉོ་བ་དང་། ཕག་ཚང་རྒྱག་པ། ཕག་ལྟོ་གྲབས་གསོག ཆེད་ལས་གསོ་ཚགས་པ་གསོ་སྐྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་བོད་ཕག་གསོ་ཚགས་རྟེན་གཞི་སྐྲུན་རོགས་བྱས་ཤིང་། ལོ་གསུམ་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་ཚོའི་གསོ་ཚཌ་རྟེན་གཞིར་ད་ཆ་བོད་ཕག་མགོ་གྲངས་145ཟིན་ནས་རིམ་རྩིས་བརྒྱབ་ན་ཡུལ་མིར་ཡོང་འབབ་སྒོར་ཁྲི་12.2བྱུང་ཡོད། 2024ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29327ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་སྒོར་6000ཙམ་གྱིས་མང་བ་ཡོད་པ་རེད།
སྦྲང་ནོར་བུ་གསོས་ནས་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་པ།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྒྱང་ལམ་གསར་པར་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ནི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ད་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་ཏུ། ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྲབ་སྨད་ས་གྲོང་ཚོའི་དམངས་ཕན་སྦྲང་ནོར་བུ་གསོ་ཚགས་རྣམ་གྲངས་ལ་སྦྲང་རྩི་ཐེངས་དང་པོ་བྱུང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སྦྲང་ནོར་བུ་གསོ་ཚཌ་ར་བར་ཡོང་ནས་ཐོབ་པར་དཀའ་བའི་གྲུབ་འབྲས་དེ་མཉམ་སྤྱོད་བྱས།
གྲོང་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས། སྦྲང་ནོར་བུ་གསོ་ཚགས་བྱེད་པ་ནི་གྲབ་སྨད་ས་གྲོང་ཚོའི་རྨང་བརྟན་དམངས་ཕན་གྱི་རྣམ་གྲངས་ཤིག་ཡིན། ལག་ལེན་བསྟར་འགོ་ཚུགས་སྐབས། རྣམ་གྲངས་དོན་འཁྱོལ་ལ་ཕན་འབྲས་སྔ་ཙམ་ཐོན་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་དུ་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། གྲོང་ཚོའི་གནས་ཚུལ་དང་དམངས་འདོད་ལ་བརྟག་དཔྱད་གཏིང་ཟབ་བྱས་ཏེ། དམངས་འཚོའི་རྣམ་གྲངས་གྲོང་ཚོའི་གནས་ཚུལ་དང་མཐུན་པ་དང་། དམངས་ཀྱི་འདོད་བློ་དང་འཚམ་པ། མང་ཚོགས་དང་ཐག་ཉེ་བར་འགན་ལེན་བྱས་ཡོད།
གསར་འགོད་པར་སྦྲང་ནོར་བུ་གསོ་ཚགས་ར་བའི་ས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར། ཟླ་བ་འགའ་ཤས་རིང་གཡོག་བྱེད་ཞིབ་ཚགས་བྱས་པ་བརྒྱུད་སྦྲང་ནོར་བུའི་ཁ་གྲངས་བརྟན་པོ་འཕར་ཏེ། སྦྲང་རྩི་གསོག་ཚད་དང་སྤུས་ཚད་གཉིས་ཀ་སྔོན་དཔག་དམིགས་ཚད་ལྟར་བྱུང་ཡོད། “རང་ཉིད་ཀྱིས་གསོས་པའི་སྦྲང་ནོར་བུས་སྦྲང་རྩི་ཡག་པོ་འདི་འདྲ་བཏང་བ་མཐོང་སྐབས་སེམས་ལ་དགའ་ཚོར་ཆེན་པོ་འདུག ཕྱིས་འབྱུང་གི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་ཡོང་ངེས་རེད”ཅེས་ཚང་མས་མྱོང་ཚོར་ཟབ་མོས་གཅིག་མཇུག་གཉིས་མཐུད་ངང་བཤད།
གཞི་ཁྱོན་ཅན་གྱི་གསོ་ཚགས་བྱེད་སྟངས་འཚོལ་ཞིབ་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ།
མཚོ་སྨད་རྫོང་སྒོ་བསྡུས་ཤང་གི་འཕགས་ཚང་གྲོང་ཚོས་དུས་ཡུན་རིང་པོར་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་བྱེད་སྟངས་གཙོ་བོར་བྱས་ཐོག ཡུལ་མིས་ཁ་ཐོར་གསོ་ཚགས་བྱེད་ཀྱི་ཡོད་པས་གཞི་ཁྱོན་ལྡན་པའི་ཕན་འབྲས་དེ་ཙམ་ཐོན་ཐུབ་མེད། འཕེལ་རྒྱས་ཀྱི་གཅུར་འགག་གནད་དོན་སེལ་ཆེད། གྲོང་ཚོས་ཡུལ་མིའི་འཐུས་མི་ཚོཌ་ཆེན་ཐེངས་མང་འཚོགས་ཏེ། བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་མཐར། ལུག་གཅིག་གྱུར་ཉོས་ནས་གཞི་ཁྱོན་ཅན་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་བསམ་ཕྱོགས་གཏན་འཁེལ་བྱས་ཤིང་། བྱ་ཐབས་དེས་ཡུལ་མིའི་གཞི་ཁྱོན་ཆུང་བའི་གསོ་ཚགས་ལ་འཕྲད་པའི་བྲིན་ཚོང་དཀའ་ཞིང་ཉེན་སེལ་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན་ཡོད།
ད་རེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་ཡུལ་མིའི་ལུག་ཉོ་རིང་། འཕགས་ཚང་གྲོང་ཚོས་ལུག་འདེམས་སྒྲུག་ནན་པོ་བརྒྱབ་ནས་འཕགས་ཚང་ཚོགས་ཆུང་ནས་ལུག་576ཉོས་པ་དག་གསོ་ཚགས་དུད་ཚང་28ལ་ཁྱབ་པ་དང་། མ་ནི་འདམ་ཚོགས་ཆུང་ནས་ལུག་1543ཉོས་པ་དག་གསོ་ཚགས་དུད་ཚང་97ལ་ཁྱབ་ཡོད། “གྲོང་ཚོའི་མཉམ་སྡེབ་ལ་ལུག་བཙོངས་ན་དངུལ་སྨར་ཡོད་པ་མ་ཟད། ད་དུང་གསོ་ཚགས་ཀྱི་ལས་ཀ་དང་བགོ་འགྲེམས་ལ་བརྟེན་ནས་ཡོང་སྒོ་མང་དུ་གཏོང་ཐུབ་པས། མ་འོངས་པའི་འཚོ་བར་སེམས་ཤུགས་ཀྱིས་ཁེངས་ནས་ཡོད”ཅེས་ཡུལ་མི་ཚོས་གཅིག་མཇུག་གཉིས་མཐུད་ངང་བཤད།
འཕགས་ཚང་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བས། “གོམ་སྟབས་རྗེས་མར། འཕགས་ཚང་གྲོང་ཚོས། ཉོས་པའི་ལུག་དེ་དག་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཅན་གྱི་གསོ་ཚགས་བྱ་རྒྱུ་མ་ཟད། ས་གནས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་བཏོད་དེ། གསོ་ཚགས་ནས་བྲིན་ཚོང་བར་གྱི་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་འགྲོ་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལག་ལེན་གསར་པར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།
འབྲེལ་ཡོད་གསར་འགྱུར།