འཕྲིན་གཏོང་ཤར་གཏོང་ཐུབ། བདེ་སྐྱིད་ཚོར་སྣང་ཟབ།
ལྷ་ས་གྲོང་ཁྱེར་གྱིས“གཞི་རིམ་དུ་གཤམ་སྤེལ་བཞིའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར་བཀོད་པ།
“གཞི་ནས་བརྙན་ལམ་ནས་སྐད་ཆ་བདེ་བླག་ཤོད་ཐུབ་སོང”ཞེས་བརྡ་རྟགས་སྦྲེལ་ཚུགས་གསར་རྐྱང་ཞིག་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཤང་གདོང་དཀར་གྲོང་ཚོའི་ཚོགས་ཆུང་ལྔ་པར་སྤྱོད་འགོ་ཚུགས་ཤིང་། ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁ་པར་བཏོན་ནས་ཁ་པར་ལ་བརྡ་རྟགས་འདང་ངེས་ཡོད་པར་བདེན་དཔང་བྱས། ས་མཐོའི་གྲོང་ཚོར་འགྱིང་ངེར་གནས་པའི་འཕྲིན་གཏོང་སྒྲིག་བཀོད་འདི་ནི་ལྷ་ས་གྲོང་ཁྱེར་གྱིས“གཞི་རིམ་དུ་གཤམ་སྤེལ་བཞི”ལག་ལེན་བསྟར་བའི་ལས་ཀའི་བྱ་ཐབས་ཤིག་ཡིན་ལ། “ཏང་དར་འོག་གི་དམ་བཅའ”ཁ་བཤད་ལག་བསྟར་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།
ད་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས《གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་འཐབ་ཇུས་རྩ་གནད》དང《བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ལས་དོན་གྱི་གཙོ་གནད》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “གཞི་རིམ་དུ་གཤམ་སྤེལ་བཞིའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཤང་འགན་ལེན་གྱི་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས“སྐུལ་འདེད་གཏོང་ཐབས་བཞི”དེ“ལག་བསྟར་བྱ་ཐབས”སུ་འགྱུར་བར་བྱས་ནས་འཚམས་འདྲི་དང་བརྟག་ཞིབ་བྱེད་རིང་། སྙེ་མོ་རྫོང་གདོང་དཀར་གྲོང་ཚོའི་ཚོགས་ཆུང་ལྔ་པའི་མང་ཚོགས་ལ་འཕྲིན་གཏོང་དཀའ་བའི་གནད་དོན་འཕྲད་པ་ཤེས་རྟོགས་བྱུང་ཡོད། ས་ཁོངས་དེ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། ཆ་སྙོམས་ས་བབ་སྨི་4500ཟིན་ཞིང་། ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད་པས། སྙེ་མོ་ཤང་ཁོངས་གཏོགས་སྲིད་འཛིན་གྲོང་ཚོ་7ཁྲོད་ཀྱི་ཐག་རིང་ཤོས་ཀྱི་ཚོགས་ཆུང་ཞིག་རེད། ཚོགས་ཆུང་དེའི་འགྲོ་ལམ་ཀྱག་ཀྱོག་ཡིན་པ་མ་ཟད། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མེད་པ་དང་། འཕྲིན་གཏོང་ཤར་གཏོང་ཐུབ་མེད་པའི་ཁུལ་ཡིན་པས། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་འཚོ་བ་དང་། ཕྱི་རོལ་དང་འབྲེལ་གཏུག ཆ་འཕྲིན་རག་ཐབས་སོགས་ཐད་ལ་སྟབས་ཧ་ཅང་བདེ་པོ་མེད་པས་དམངས་འཚོ་ལེགས་གཏོང་ལ་ཚོད་འཛིན་ཐེབས་པའི“དཀའ་གནད”ཞིག་ཏུ་གྱུར་ཡོད་པ་རེད།
དེའི་ཐད་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་འགོ་ཁྲིད་དང་གཞུང་ལས་ཁང་གི་མི་སྣས་མཐོང་ཆེན་པོ་བྱས་ནས་འཕྲལ་མར་ཀྲུང་གོ་སྒུལ་བདེ་ལྷ་ས་ཡན་ལག་ཀུང་སི་དང་འབྲེལ་བ་བྱས་ཏེ་ལག་རྩལ་དང་། མ་དངུལ། ཨར་ལས་ཀྱི་སྟོབས་ཤུགས་བཅས་མཐུན་སྦྱོར་བྱས་པ་དང་། སྙེ་མོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་རྣམ་གྲངས་འཆར་འགོད་དང་སྦྲེལ་ཚུགས་གནས་ཡུལ་འདེམས་པ་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། ཀྲུང་གོ་སྒུལ་བདེ་སྙེ་མོ་ཡན་ལག་ཀུང་སི་དང་གྲོང་སྡོད་ལས་དོན་རུ་ཁག་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སྦྲེལ་ཚུགས་བསྐྲུན་རྒྱུ་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
སྡེ་ཚན་ཁག་གིས་ཐུན་མོང་འབད་བརྩོན་དང་མཉམ་སྒྲུབ་གཞོགས་འདེགས་བྱས་པ་བརྒྱུད། གནས་འདེམས་རྩད་ཞིབ་ནས་སྦྲེལ་ཚུགས་བསྐྲུན་པའི་བར་དུས་ཚོད་ཟླ་བ་གཅིག་ལས་འགོར་མེད། སྦྲེལ་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་བསྟུན་ནས། དེ་སྔའི“འཕྲིན་གཏོང་ཤར་གཏོང་དཀའ་བའི”གདོང་དཀར་གྲོང་ཚོའི་ཚོགས་ཆུང་ལྔ་པར་5Gབརྡ་རྟགས་ཡོངས་སུ་ཁྱབ་པས་ཡུལ་མིས“ཆ་འཕྲིན་མྱུར་ལམ”བརྒྱུད་སྟབས་བདེའི་ངང་ཅ་དངོས་ཉོ་བ་དང་། ཞིང་ལས་ལག་རྩལ་གྱི་ཤེས་བྱ་སློབ་སྦྱོང་། ཞིང་ལས་ཐོན་རྫས་ཀྱི་འཚོང་ལམ་རྒྱ་སྐྱེད་བཅས་ཐུབ་ནས། སྔོན་ཆད་ཆ་འཕྲིན་གསང་པོ་མེད་པའི་གྲོང་ཚོར་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།