སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤེལ་དཀར་གྲོང་ཚོས།
སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་། འབབ་འཕར་ཕྱུག་འགྱུར་ལམ་བུ་བཏོད།
ཉེ་ཆར། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤེལ་དཀར་གྲོང་ཚོའི་ནང་གི་སྒོ་རའི་ཁམ་བུ་རིམ་བཞིན་སྨིན་ནས་ཁྲོམ་རར་འདོན་འགོ་ཚུགས། ཡུལ་མི་ཚོས་ཉིན་ལྟར་ཁང་པའི་རྒྱབ་མདུན་གྱི་དྲི་ཞིམ་འཐུལ་བའི་ཁམ་བུ་དག་འཐུ་བ་དང་། འཚོང་བར་བྲེལ་ནས་སྒོ་རའི་སྡོང་པོར་བཏགས་པའི་གཡུར་ཟའི་འབྲས་བཟང་ལས་བྱུང་བའི་དགའ་སྤྲོའི་རྣམ་པ་ཞིག་ངང་གིས་མངོན།
ཐོ་རེངས་སུ་འཁོར་བའི་སྨུག་ཞགས་ད་དུང་ཡལ་མེད་ནའང་། ཤེལ་དཀར་གྲོང་ཚོའི་ཡུལ་མི་དབྱངས་སྒྲོན་གྱིས་རང་ཁྱིམ་གྱི་སྒོ་རའི་ནང་ཉིན་གཅིག་གི་ལས་ལ་བྲེལ་བའི་འགོ་ཚུགས། སྔོ་ལྗང་གི་ཡལ་འདབ་སྟུག་པོའི་ཁྲོད་ནས་དམར་མདོག་ཤིང་འབྲས་ཀྱིས་མགོ་ལྕོག་ལྡེམ་ལྡེམ་བྱེད། དབྱངས་སྒྲོན་གྱིས་གཟབ་གཟབ་ངང་དམར་མདོག་གི་ཁམ་བུ་ཟིལ་པ་ཁྲུམ་མེ་བ་རེ་རེ་བཞིན་བཏུས་ནས། སྐུ་མགྲོན་མ་སླེབས་གོང་ལམ་ཟུར་དུ་གྲལ་བསྟར་བསྒྲིགས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མགྲོན་པོས་ཉོ་བར་ཡོང་རྒྱུར་བསྒུགས་ནས་སྡོད་བཞིན་ཡོད་པ་མཐོང་བྱུང་། དབྱངས་སྒྲོན་ཁྱིམ་གྱི་ངོས་ནས་བཤད་ཚེ། སྒོ་ར་ཆུང་ངུར་བཏབ་པའི་ཁམ་སྡོང་དེ་དག་འབབ་འཕར་ཕྱུག་འགྱུར་འོང་བའི“དཔག་བསམ་ལྗོན་པ”ལྟ་བུར་གྱུར།
དབྱངས་སྒྲོན་ཁྱིམ་གྱི་སྒོ་རའི་ནང་ཁམ་བུ་ཙམ་མ་ཡིན་པར་ད་དུང་སྔོ་ཚལ་དང་། ཤིང་འབྲས་གཞན། མེ་ཏོག་དང་རྩི་ཤིང་སོགས་སྣ་ཚོགས་བཏབ་ཡོད། ཁོང་གིས་གཡོག་བྱེད་ཞིབ་ཚགས་བྱས་པའི་སྒོ་རའི་ཤིང་འབྲས་སྡོང་པོ་ལས་བྱུང་བའི་ཁམ་བུ་དང་དེ་མིན་དུས་ཚིགས་ལྡོག་པའི་ཤིང་འབྲས་དག་བཙོངས་པར་ལོ་གཅིག་ལ་ཁྱིམ་ཚང་དུ་ཡོང་སྒོ་སྒོར་ཁྲི་ཁ་ཤས་ཡོང་གི་འདུག ད་ལོར་ཁྱིམ་དུ་ད་དུང་ཤིང་འབྲས་སྡོང་པོ་ཁ་ཤས་མང་དུ་གཏོང་རྩིས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
རྒྱང་རིང་ནས་བལྟས་ཚེ། གྲོང་ཚོའི་ཁྱིམ་ཚང་ཕལ་མོ་ཆེའི་སྒོ་རར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། སྔོན་མ་ཤིང་འབྲས་སྡོང་པོ་བེད་མེད་དུ་འཇོག་པའམ་ཡང་ན་སྟབས་བདེར་བཏབ་པ་ཙམ་མ་ཡིན་པར་ཚན་རིག་དང་མཐུན་པའི་ངང་འཆར་གཞི་བཀོད་དེ་མཐོང་བ་ཙམ་གྱིས་གྲལ་འགྲིག་པོར་སྣང་བའི་དཔལ་འབྱོར་གྱི་ཤིང་འབྲས་སྡོང་པོ་སྣ་ཚོགས་བཏབ་ཡོད་པ་དེ་ཡིན། སྔོན་མའི་ཞིང་པའི་ཁྱིམ་ཚང་གི་སྒོ་རར་ད་ཆ་སྔོ་ལྗང་གོས་བཟང་གིས་བཀླུབས་ཤིང་འབྲས་བཟང་གི་མགོ་བོ་དུད་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
ཤིང་འབྲས་ཀྱི་སྡོང་པོས་སྒོ་ར་མཛེས་པར་བརྒྱན་ལ། ཡུལ་མིའི་དངུལ་ཁུག་ནང་གི་དངུལ་དེ་བས་འབེལ་དུ་སོང་ཡོད། སྔོན་མའི་ཞིང་པའི་ཁྱིམ་ཚང་གི་སྒོ་ར་ཆུང་ངུ་དེ་ད་ཆ་སྡོད་མལ་དང་འཚམ་ལ། དཔལ་འབྱོར་གྱི་ཕན་འབྲས་བསྟུད་མར་ཐོན་པའི“ལྗང་མདོག་གི་དངུལ་མཛོད”ཅིག་ཏུའང་གྱུར་ཡོད། ཡུལ་མི་ཚོས་ཁྱིམ་ཚང་སྲུང་བ་དང་། ཡུལ་ལྗོངས་ལ་བལྟ་ཞོར་འབབ་འཕར་འོང་བའི“དཔག་བསམ་ཤིང”ལ་གཅེས་སྤྲས་བྱས་ནས“སྐྱེ་ཁམས་གནས་འཕྲོད་དང་། ཐོན་ལས་དར་རྒྱས”ཀྱི་མཛེས་སྡུག་རྣམ་པ་ཞིག་མངོན་པ་མ་ཟད། ཁམ་སྡོང་རེ་རེར་བཏགས་པའི་ཁམ་བུ་དེ་དག་གིས་ཞིང་པའི་ཁྱིམ་ཚང་གི་སྒོ་ར་ཆུང་ངུར་སྐྱེ་སྟོབས་ཀྱི་དཔལ་སྦྱིན་ལ། ཡུལ་མིས་འཚོ་བར་བཅངས་པའི་རེ་ལྟོས་ཀྱང་ཇེ་ཆེར་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།