འཕྱོངས་རྒྱས་རྫོང་།
“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱིས་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ།
འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་འཆམ་འཆམ་དུ་སྐྱོད་སྐབས། ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་ནི་དར་སྐུད་རིང་པོ་ཞིག་ལྟར་དུད་ཚང་ཚང་མའི་སྒོ་རྩར་ཤར་གཏོང་ཐུབ་ཡོད། གྲོང་ཚོའི་སྡོད་ཁང་གྲལ་སྟར་འགྲིག་པ་དང་། དམངས་སྲོལ་གནས་ཚང་སྤུས་ཀ་དག་ལ་མཛེས་པ་མ་ཟད། མི་རིགས་ཀྱི་ཉམས་འགྱུར་གྱིས་ཕྱུག རྒྱང་རིང་གི་རི་རྒྱུད་མུ་ལ་མུ་འབྲེལ་དུ་གནས་པ་དང་། ཆུ་ཕྲན་དག་མེ་ལོང་ལྟར་དྭངས་ཤིང་གཙང་བ། རང་བྱུང་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་བཅས་ཡོད་པས། ཡུལ་སྐོར་བ་མང་པོ་ཞིག་མཛེས་སྡུག་ཡི་གར་འོང་བའི་ཡུལ་ལྗོངས་མྱོང་རོལ་བྱེད་པར་ཡོང་གི་ཡོད། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དེ་ལྟ་བུ་ནི་འཕྱོངས་རྒྱས་རྫོང་གིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ལས་བྱུང་བའི་འཕོ་འགྱུར་ཆེན་པོ་ཞིག་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“སྲིད་གཞུང་གིས་འགན་སྲུང་དང་། བོད་སྐྱོར་གྱིས་རྒྱབ་སྐྱོར། མང་ཚོགས་ཞུགས་པ། སྡེ་ཚན་གྱིས་ལྟ་འདོམས། ཕྱོགས་བསྡུས་དཔྱད་ཞིབ”བཅས་ཀྱི་བསམ་ཕྱོཌ་གཞིར་བཟུང་། དངོས་འཛིན་དངོས་སྒྲུབ་ཀྱིས་འཛུགས་སྐྲུན་ཐད“ཏན་ཏིག”ཡོང་བ་དང་། དོ་དམ་ཐད“དམ་ནན”གཙིགས་ཆེར་འཛིན་པ། བདག་སྐྱོང་ཐད“ཤར་གཏོང”བརྩོན་ལེན་བྱེད་པ། གཉེར་སྐྱོང་ཐད“སྤུས་ལེགས”མངོན་པ་བཅས་བྱས་ནས། དྲ་ཐོག་ཚོང་དོན་གྲོང་ཚོར་ཁྱབ་གདལ་གཏོང་བའི་དམངས་ཕན་ལམ་བུ་ནུས་ཤུགས་ཡོད་རྒུས་བཏོད་དེ། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རིམ་བཞིན་ཆགས་པར་བྱས་ཡོད།
ལོ་77ལ་སླེབས་པའི་ཡུལ་མི་རིག་འཛིན་དབང་ཕྱུག་གིས་ཕ་ཡུལ་གྱི་འགྲིམ་འགྲུལ་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་བདེན་དཔང་བྱས་ཤིང་། “སྔོན་ཆད་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་དང་། འགྲོ་ལམ་ཡག་པོ་མེད་པའི་ཁར་གུ་དོག་པ། གང་སར་ཐལ་རྡུལ་གྱིས་ཁེངས་ནས་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། ད་ལྟ་གྲོང་ཚོར་ཡུལ་སྐོར་གཞུང་ལམ་བསྐྲུན་པ་དང་། འགྲོ་ལམ་རྒྱ་ཆེ་ལ་གཙང་ཞིང་ཁོད་སྙོམས་པོ་ཡོད་པས། རྐང་ཐང་མར་བསྐྱོད་པའམ་ཡང་ན་རླངས་འཁོར་བསྡད་པ་གང་བྱས་རུང་ཧ་ཅང་སྟབས་བདེ་པོ་ཡོད། ཡུལ་སྐོར་བ་མང་པོ་ཞིག་གྲོང་ཚོར་ཡུལ་སྐོར་ལ་ཡོང་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས། ང་ཚོའི་ཡོང་འབབ་ཀྱང་ཇེ་མང་དུ་ཕྱིན་སོང་། དེ་ནི་སྔོན་ཆད་བསམ་མི་ཕོད་པ་ཞིག་རེད”ཅེས་རིག་འཛིན་དབང་ཕྱུག་གིས་མྱོང་བ་ཟབ་མོས་དེ་ལྟར་བརྗོད།
2019ལོར“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གྱི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་བདེ་བླག་ངང་འཛུཌ་གཏོད་བྱས་རྗེས། འཕྱོངས་རྒྱས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་རྫོང་ཁོངས་ཀྱི་འགྲིམ་འགྲུལ་དྲ་བ་ལེགས་སུ་བཏང་ཡོད། ལྷ་ཡུལ་ཤང་གི་གྲོང་གསེབ་ཡུལ་སྐོར་གཞུང་ལམ་རྒྱ་སྐྱེད་ལས་གྲྭ་དང་རྒྱལ་སྨན་ཤང་གི་གྲོང་གསེབ་ཐོན་ལས་གཞུང་ལམ་རྒྱ་སྐྱེད་ལས་གྲྭར་སྐུལ་འདེད་ཧུར་ཐག་བཏང་བས། སྤུས་ཚད་མཐོ་བའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་དེ་དག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཐག་ཉེ་རུ་ཕྱིན་པ་མ་ཟད། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་དེ་བས་གྱུར་ནས་གྲོང་གསེབ་དཔལ་འབྱོར་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཕྱོངས་རྒྱས་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.877བཏང་སྟེ། གྲོང་གསེབ་གཞུང་ལམ་སྤྱི་ལེ་172ལ་ཨར་འདམ་བཏིང་པ་དང་དམངས་ཕན་ཟམ་པ་13བརྒྱབ་པས། ཤང(གྲོང་རྡལ)4དང་། གྲོང་ཚོ(སྡེ་ཁུལ)20 རང་བྱུང་གྲོང་ཚོ་70བཅས་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་ཤང་དང་གྲོང་རྡལ་4དང་གྲོང་ཚོ་20ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། དེ་དང་ཆབས་ཅིག་གཞི་རིམ་གྱི་ཅ་ལག་བསྐུར་ལེན་ཟོག་འགྲེམས་ས་ཚིགས་བཙུགས་པས“བཟོ་ལས་ཐོན་རྫས་གཤམ་སྐྱོད་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་གཏོང་རྒྱུ”མངོན་འགྱུར་ཐུབ་པ་མ་ཟད། ད་དུང་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་དང་འབྲེལ་མཐུད་བྱས་ཏེ། དམངས་སྲོལ་གནས་ཚང་དང་ཁྱད་ལྡན་གླིང་ཁ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།