དབྱར་མཚོ་རྒྱས་པ་བཞིན་གྱི་ས་མཐོའི་ཞིང་ས་གཤིན་པོ།
—— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60རིང་གི་ཞིང་འབྲོག་ལས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
ལོ་ངོ་60ཡི་རིང་ས་མཐོའི་ས་གཞི་འདིར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ལོ་ངོ་60ཡི་རིང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་འཕེལ་རིམ་མགྱོགས་སུ་ཕྱིན་པས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དངོས་པོའི་རྨང་གཞི་བརྟན་པོ་བཏིང་ཡོད། “འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་མཁོ་སྤྲོད་བྱེད་ནུས་ལོ་རེ་བཞིན་ཇེ་མཐོར་འགྲོ་བ་དང་སྣ་ཁ་ཉིན་རེ་ལས་མ་འདས་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་མི་དམངས་མང་ཚོགས“གྲོད་པ་རྒྱགས་པ”ནས“འཚོ་བཅུད་ལྡན་པའི་ཟས་བསྟེན་པའི”བར་འགྱུར་ལྡོག་བྱུང་ཡོད།
གྲངས་གཞི་ལས་གྲུབ་འབྲས་མངོན་པར་ཏེ། འབྲུ་རིགས་ཀྱི་ཐོན་འབབ་བསྡོམས་འབོར་1965ལོའི་ཏུན་ཁྲི་29.07ནས་2024ལོའི་ཏུན་ཁྲི་112.9བར་འཕར་ནས་ལོ་10ཡི་རིང་བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་བྱུང་བ་དང་། ཤ་དང་འོ་མའི་ཐོན་འབབ་1978ལོ་ལས་ལྡབ་6.2འཕར་ནས་ཤ་དང་འོ་མའི་མི་རེའི་ཆ་སྙོམས་བཟུང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། སྔོ་ཚལ་ཐོན་འབབ་ནི་1985ལོ་ལས་ལྡབ་15འཕར་བ་བཅས་རེད།
ཐོན་ལས་ཀྱི་རྣམ་པ་གསར་པ་བསྐྱར་དུ་བཏོད་པ།
2021ལོར་རིག་ནུས་ཅན་གྱི་བོད་བྱ་ཁྲི་200ཡི་ཐོན་ལས་གླིང་གི་རྣམ་གྲངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོར་བསྐྲུན་ཞིང་། བྱ་ཕྲུག་གསོན་ཚད་དང་སྒོ་ང་ཐོན་ཚད་60%མ་ཟིན་པ་ནས་97%དང་96%སོ་སོར་མཐོ་རུ་ཕྱིན་ཏེ་རང་ལྗོངས་ཀྱི་སྒོ་ང་སོས་པའི་མཁོ་སྤྲོད་རང་མཁོ་རང་གསོ་གཞི་རྩའི་ཆར་མངོན་འགྱུར་བྱུང་ཡོད།
ལོ་ངོ་60ཡི་རིང་། རང་ལྗོངས་ཀྱི་ཞིང་འབྲོག་ལས་གསར་པའི་གཉེར་སྐྱོང་བྱེད་པོ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེ་བར་འགྱུར་ལྡོག་ཕྱིན་ཡོད། 2024ལོར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་187དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.08 ཁྱིམ་ཚང་ཞིང་ར་དང་འབྲོག་ར་ཁྲི་0.65བཅས་ཡོད་པས། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་དང་དེང་རབས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་འདེད་བཏང་ཡོད།
2022ལོའི་ཟླ་4པར། རང་ལྗོངས་ཀྱི་ཞིང་འབྲོག་ལས་རིགས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་པོ་སྟེ། “བོད་ཀྱི་ནས”དངོས་སུ་ཁྱབ་བསྒྲགས་བྱས་པ་དེས་བོད་ཀྱི་ནས་ཀྱི་ཐོན་ལས་འདི་ཉིད་སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་དང་ཉམས་ཞན་ནས་སྟོབས་ཆེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། སྤུས་རྟགས་ཀྱི་ཕན་འབྲས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་སྔར་བས་ཁྲོམ་ར་རྒྱ་ཆེར་བཏང་ཡོད།
མིག་སྔའི་བར། རང་ལྗོངས་ཀྱིས་རིམ་ཁག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་20དང་། གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྤུས་རྟགས་70 གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་ཀྱི་གཙོ་གནད་ཐོན་རྫས་སྤུས་རྟཌ་115བཅས་བཏོད་པ་དང་། ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས། དེ་བཞིན་རྒྱལ་ཡོངས་ཀྱི་མཚོན་རྟཌ་གྲཌ་ཅན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱོན་423ལ་བདེན་དཔང་བྱས་པའི་ནང“བོད་ཀྱི་ནས”དང་། “ཀོང་པོ་རྒྱ་མདའི་བོད་ཕག” “གམ་པའི་ལུག”གསུམ་རྒྱལ་ཡོངས་ཀྱི་ཞིང་ལས་སྤུས་རྟགས་སྤུས་ལེགས་སྐྱེད་སྲིང་འཆར་གཞིའི་ནང་ཚུད་ཡོད།
གྲོང་ཚོའི་རྣམ་པ་གསར་པར་གྱུར་པ།
“ང་ཚོའི་གྲོང་ཚོ་ནི་ཡར་འབྲོག་གཡུ་མཚོའི་ལྟེ་བའི་ཁུལ་དུ་གནས་ཡོད། སྔོན་ཆད་ཐང་རྒོད་ཆེན་པོ་ཞིག་ཡིན་པས། རི་སྐྱེས་སྲོག་ཆགས་ཧ་ལམ་མཐོང་རྒྱུ་མེད། རྗེས་སུ་ང་ཚོས་ཤིང་འཛུགས་ནགས་བཟོ་དང་། ཚྭ་བུལ་ས་བཅོས། རྩྭ་ར་སླར་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས། གཞི་ནས་ད་ལྟའི་མཛེས་སྡུག་ལྡན་པའི་གྲོང་ཚོའི་རྣམ་པ་གསར་པ་འདི་བྱུང་བ་རེད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བཀྲ་དོན་གྱིས་བཤད།
2018ལོར་རྫོང་དེས་མ་དངུལ་སྒོར་ཁྲི་2689.46བཏང་ནས་ཁྱིའུ་བྲག་གྲོང་ཚོར་སྐྱེ་ཁམས་གཟན་རྩྭ་འདེབས་འཛུགས་ཐོན་ལས་རྟེན་གཞི་བསྐྲུན་ཞིང་། སྐྱེ་ཁམས་གཟན་རྩྭ་འདེབས་འཛུགས་ཐོན་ལས་རྟེན་གཞི་བསྐྲུན་པ་དེས་ཐོན་ལས་འཁོར་འབྲེལ་འབྲེལ་མཐུད་བྱས་པ་མ་ཟད། བ་གླང་གསོ་སྤེལ་དང་སྦྲང་རྩི་གསོ་སྤེལ་སོགས་མཉམ་སྡེབ་དཔལ་འབྱོར་དར་རྒྱས་བཏང་བས་གྲོང་མིའི་དངུལ་ཁུག་ཇེ་མཐུག་ཏུ་ཕྱིན་ཡོད། བསོད་ནམས་བཀྲ་དོན་གྱིས་རྒྱང་རིང་གི་རྟེན་གཞིར་བལྟས་ནས་འཛུམ་འཚེར་འཚེར་དུ“ཐོན་ལས་འཁོར་འབྲེལ་དེ་གྲོང་ཚོར་རྩ་བ་ཚུགས་སོང་། ཕུགས་ལ་འཚོ་བ་དེ་བས་སྐྱིད་པ་སྐྱེལ་རྒྱུ་ཡོད”ཅེས་བཤད།
2011ལོར་རང་ལྗོངས་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་ནས་བཟུང་། མིག་སྔར་རེས་སྐོར་གསུམ་པའི་རྩྭ་ཐང་གི་ཁ་གསབ་བྱ་དགའ་སྤྲོད་པའི་ལས་དོན་མཇུག་སྒྲིལ་ཉེར་ཡོད་ཅིང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་ནུས་ལྡན་བྱུང་ཡོད། མི་ཐབས་རྩྭ་གཟན་རྟེན་གཞི་འཛུགས་སྐྲུན་དང་ཁང་པའི་རྒྱབ་མདུན་དུ་རྩྭ་འདེབས་ཁྱོན་ཆེ་རུ་བཏང་བ་བརྒྱུད། རང་བྱུང་རྩྭ་རའི་ཕྱུགས་འཚོའི་གནོན་ཤུགས་ཞི་ལྷོད་དུ་ཕྱིན་ཡོད།
2024ལོའི་བར། ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)3988ཀྱིས“སྐར་གསོག་ལམ་ལུགས”ལག་བསྟར་བྱས་ཤིང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་མཐོར་འདེགས་གཏོང་རྒྱུ་འགོ་ཚུགས་སར་བྱས་ཏེ“གཙང་སེལ་བཞི་དང་སྒྱུར་བཀོད་གཉིས”གཙོ་གནད་དུ་བྱས་པའི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་རྒྱུན་དུ་སྤེལ་བས། རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000འཛུགས་སྐྲུན་དང་། ཁྱིམ་སྤྱོད་གསང་སྤྱོད་ཁྲི་43ལྷག་ཙམ་ལ་སྒྱུར་བཀོད། དུད་ཚང་ཁྲི་50ལྷག་ཙམ་གྱི་མི་ཕྱུགས་ལོགས་དབྱེ་བཅས་བྱུང་ནས་གྲོང་གསེབ་ཀྱི་ཁྱིམ་སྤྱོད་གསང་སྤྱོད་ཁྱབ་གདལ་གཏོང་ཚད་དང་མི་ཕྱུགས་ལོགས་དབྱེ་བྱེད་ཚད་80%དང་90%ཡན་སོ་སོར་ཟིན་ཡོད།
འཚོ་བར་རེ་བ་གསར་པས་ཁེངས་པ།
སྟོན་བསྡུའི་སྐབས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་བྲག་མཇུག་གྲོང་ཚོའི་ས་གཞི་གཤིན་པོར་ཉི་འོད་རབ་ཏུ་འཕྲོས་ཤིང་། ཨོ་རྒྱན་ཚེ་རིང་གིས་བརྔ་བསྡུའི་འཕྲུལ་འཁོར་བཏང་སྟེ་ཞིང་ནང་དུ་གྲོ་བསྡུ་བར་བྲེལ་བཞིན་གསེར་མདོག་གི་ཞིང་ཐང་དུ་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ།
2017ལོར་ཨོ་རྒྱན་ཚེ་རིང་གིས་ཕ་ཡུལ་དུ་ས་སྐྱ་རྫོང་བྲག་མཇུག་ཤང་ཇོ་བོ་བླ་རི་ཞིང་འཕྲུལ་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུཌ་ཤིང་། དེས་མི་འདེབས་གཟན་རྩྭའི་རྟེན་གཞི་དང་། ས་སོབ་སོབ་དང་ཁོད་སྙོམས། སོན་ལེཌ་འདེམས་དང་སྨན་ལེབ་ཕྱི་ཐུམ། ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལས་སྒྲུབ་སོཌ་ཀྱི་ལས་སྒོའི་འགན་ཁུར་བ་དང་ཆབས་ཅིག རིམ་གྱིས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཐོག་མའི་འཕྲུལ་ཆས་ཁ་ཤས་ནས་ད་ཆའི་ཞིང་འཕྲུལ་ཡོ་བྱད་125བར་མང་དུ་སོང་ཡོད་པ་རེད།
2017ལོ་ནས་བཟུང་མཉམ་ལས་ཁང་གིས་གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་797ལ་རིན་མེད་ཞིང་འཕྲུལ་སྤྱད་པ་མ་ཟད། ལོ་ལྟར་གྲོང་མིར་ས་ཞིང་བཤུག་གླ་སྒོར་ཁྲི་190.46ཀྱང་སྤྲོད་ཀྱི་ཡོད། 2019ལོར་རེ་ཞུ་བྱས་པའི་མི་ཐབས་རྩྭ་འདེབས་རྣམ་གྲངས་མུའུ་ཁྲི་2ཀྱིས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་320བཏོད་ཡོད།
ལྕགས་གཤོལ་གྱིས་སྲོལ་རྒྱུན་ཤིང་གཤོལ་གྱི་ཚབ་བྱས་པ་དང་དེ་བཞིན་རིགས་ཁག་གི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་ཕྱིན་པ་དང་སྦྲགས། 2024ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་800ཟིན་པ་དང་། ལེ་ལག་ཚང་བའི་ཞིང་འཕྲུལ་གྱི་སྒྲིག་ཆས་ལྡན་ཚད་ཁྲི་61.2ཟིན་པ། ཞིང་ལས་སྐྱེ་དངོས་ཀྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་67.8%ཟིན་ནས་གཞི་ཁྱོན་ཆེ་བའི་ངལ་ནུས་ཕྱིར་གཏོང་ལ་མཐུན་རྐྱེན་སྦྱར་ཡོད་པ་རེད།
ས་ཕྱོགས་གང་ས་ནས་འབབ་འཕར་གྱི་གཏམ་བཟང་གྲགས་ཤིང་། 2024ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཚད་བརྒལ་བྱུང་སྟེ། སྒོར་21578ཟིན་པ་དེ་1965ལོའི་ལྡབ་199ཡིན་པ་རེད། ཐུན་མོང་འབྱོར་ཕྱུག་གི་ལམ་བུ་གངས་ལྗོངས་ས་མཐོར་ཇེ་ཡངས་སུ་འགྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།