དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • “སྤུ་གུས”ཟ་ཁང་ནས་བདེ་སྐྱིད་ཀྱི་དྲི་ཞིམ་འཐུལ།

    ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    ཉིན་གུང་ཆུ་ཚོད་12དང་ཕྱེད་ཀ་ཏག་ཏག་ལ། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི“སྤུ་གུས”ཟ་ཁང་ནས་ཁ་ལག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་པས་ཉིན་དེའི“རྒན་རྒོན་གྱི་ཚལ་ཐོར”ཞིབ་ཚགས་བལྟས་རྗེས་དང་བླངས་པ་13གྱིས་རླངས་པ་འཚུབ་འཚུབ་ཀྱི་དགུང་ཟས་མགྱོགས་མྱུར་སྡེ་ཁུལ་གྱི་རྒན་རྒོན་ཚོའི་ལག་ཏུ་སྤྲད།

    ཟླ་3ཚེས་28ཉིན། “སྤུ་གུས”ཟ་ཁང་སྒོ་ཕྱེ་བ་ནས་བཟུང་། གཅེས་སེམས་མཚོན་པའི་ཁ་ལག་དེ་འདྲ་ཐེངས་1100ལྷག་ཙམ་བསྐྱལ་བ་དང་། གྲོང་མི་མི་ཐེངས་5000ལྷག་ཙམ་ལ་ཞབས་འདེགས་ཞུས་པ་མ་ཟད། གྲོང་མི་13དང་བླངས་ཞབས་ཞུའི་ནང་ཞུགས་པར་སྐུལ་ཁྲིད་བྱས་པ་དང་ཡུལ་དེ་རང་གི་མ་བྱན་3གསོ་སྐྱོང་བྱས་པ་རེད།

    “ཞག་ཚི་དང་ཚྭ་ཉུང་བའི་ཁ་ལག་ལོགས་དགར་འཇོག་དགོས”ཞེས་ཟ་ཁང་གི་འགན་འཁུར་བས་མངགས་བྱ་བྱས། དམིགས་བསལ་གྱི་ཁ་ལག་དེ་ནི་སྡེ་ཁུལ་གྱི་ལོ་69ལ་སླེབས་པའི་རྒན་མོ་ཕུན་ཚོགས་སྒྲོལ་དཀར་ལ་ཆེད་མངགས་གྲ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཁོང་ལ་ཉིན་106བསྟུད་མར་ཆེད་མངགས་བཟོས་པའི་དགུང་ཟས་འདི་འབྱོར་ཡོད།

    ཟ་ཁང་དང་བར་ཐག་སྤྱི་ལེ་3.5ཡོད་པའི་སར་ལོ་82ལ་སླེབས་པའི་བགྲེས་སོང་སྤེན་པ་ཟ་མ་སྐྱེལ་མཁན་དང་བླངས་པ་སྒུག་ནས་བསྡད་ཡོད།

    “སྤུ་གུས”ཟ་ཁང་ནི་དོག་སྡེ་ཁྲོམ་གཞུང་གིས་གཙོ་གནད་ཐོག་བཏོད་པའི་དམངས་འཚོའི་འདུ་འགོད་ཅིག་ཡིན་ཞིང་། ཁོངས་གཏོགས་ཁུལ་གྱི“རྒན་པ་གཅིག་དང་ཆུང་བ་གཅིག་དང་། དམིགས་བསལ་གཅིག་དང་གསར་པ་གཅིག”གི་ཚོགས་པའི་ཁ་ལག་གི་དགོས་མཁོ་གནད་ལ་འཁེལ་པོས་སྐོང་གི་ཡོད། སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་མ་ལྷག་འཛིན་གྱིས་ངོ་སྤྲོད་བྱས་པར། ཟ་ཁང་འདིས་སྡེ་ཁུལ་གྱི་དམིགས་བསལ་མི་སྣའི་ཁ་ལག་གི་གནད་དོན་ཐག་གཅོད་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་སུའང་གྱུར་ཡོད། “གཅེས་སེམས་མཚོན་པའི་དགུང་ཟས”དང“གནས་སྐབས་ཚ་ཕོགས་རྒྱག་ས”སོགས་ཀྱི་ཞབས་ཞུ་བརྒྱུད། མི་རིགས་ཁག་གི་མང་ཚོགས་དེ་གར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཀྱི་ཡོད།

    ཉིན་ལྟར་ཉིན་གུང་ཟ་ཁང་ནང་ཧ་ཅང་འཁྲུག་ཆ་དོད་ཅིང་། དེའི་ནང་ནས་ཀྱང་འཁྲུག་ཤོས་ནི་སྲོལ་རྒྱུན་དུས་ཆེན“ཁྱིམ་ཚང་བརྒྱ་ཡི་གསོལ་སྟོན”ཞེས་པ་དེ་རེད། “དུས་ཆེན་གལ་ཆེན་འཆར་རིམ་བཞིན་ང་ཚོ་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚང་མ་འདི་གར་འཛོམས་ནས་མཉམ་དུ་ཁ་ལག་ཟ་བཞིན་ཅི་འཕྲོས་མོལ་འཕྲོས་བཤད་ནས་སྡོད་ཀྱི་ཡོད། བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་རྣམས་ཁྱིམ་ཚང་གཅིག་གི་ནང་མི་ལྟར་མཉམ་དུ་སྡོད་ཀྱི་ཡོད”ཅེས་ཁོར་ཡུག་གཙང་སྦྲ་བ་སྒྲོལ་དཀར་གྱིས་བཤད།

    “སྤུ་གུས”ཟ་ཁང་གི་གསར་གཏོད་བྱེད་ཐབས་ད་དུང་མུ་མཐུད་འཚོལ་བཞིན་ཡོད། གོམ་སྟབས་རྗེས་མར་འདི་གར“མཉམ་སྤྱོད་ཐབ་ཚང”གི་ཞབས་འདེགས་ཞུ་གི་ཡིན་ཞིང་། གཟའ་འཁོར་རེའི་རེས་གཟའ་སྤེན་པར་ཐབ་ཚང་རིན་མེད་ངང་སྒོ་ཕྱེ་ནས་གྲོང་མི་སོ་སོས་ཁ་ལག་གི་རྒྱུ་ཆ་འཁྱེར་ཡོང་ན་མ་བྱན་གྱིས་ཞིམ་ཟས་བཟོ་སྟངས་སློབ་རྒྱུ་རེད། “ང་ཚོས‘ཁྱིམ་མཚེས་དབར་གྱི་ལག་རྩལ་འགྲན་བསྡུར་ཆེན་མོ’གཉེར་ནས་ཚང་མར་རང་ཉིད་ཀྱིས་བཟོས་པའི་བྲོ་བ་ཞིམ་ཤོས་ཀྱི་ཚལ་བཟོ་རུ་འཇུག་རྩིས་ཡོད”ཅེས་མ་བྱན་ཆེ་མོ་བས་འཛུམ་དམུལ་དམུལ་ངང་བཤད། རྒན་རྒོན་མི་ཧྲེང་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་ཟ་ཁང་ནས་རིན་པ་མི་དགོས་པར་གཡོས་སྦྱོར་བྱེད་སྟངས་དང་ཚ་པོ་བཟོ་བའི་ཞབས་འདེགས་ཞུ་གི་ཡོད།

    ས་སྲོད་ཀྱི་མཚམས་སུའང་ཟ་ཁང་གི་གློག་འོད་སྔར་བཞིན་འཚེར་ནས་ཡོད་པ་དང་། རྒན་རྒོན་འགའ་ཤས་སྒོ་འགྲམ་དུ་ཁ་བརྡ་གློད་ནས་བསྡད་ཡོད་ཅིང་། ཁོང་ཚོས་ཟ་ཁང་འདི་ཡོད་པས་གྲོད་པ་རྒྱགས་པ་ཙམ་མ་ཟད། སེམས་ཀྱང་དྲོ་སོབ་སོབ་ཆགས་སོང་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།