ཁྱད་ལྡན་བཟོ་རྩལ·ལྕེ་རྩེའི་བྲོ་ཞིམ་བོད་ཀྱི་ཞིམ་ཟས་འགྲན་བསྡུར་ཆེ་མོའི(ལྷ་ས་གྲོང་ཁྱེར)གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་བྱས་པ།
ཉེ་ཆར། “ཀྲུང་ཧྭའི་ཞིམ་ཟས·བོད་ཀྱི་བྲོ་བ”—ཁྱད་ལྡན་བཟོ་རྩལ·ལྕེ་རྩེའི་བྲོ་ཞིམ་བོད་ཀྱི་ཞིམ་ཟས་འགྲན་བསྡུར་ཆེ་མོའི(ལྷ་ས་གྲོང་ཁྱེར)གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་བྱས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲན་བསྡུར་ལ་སྲོལ་རྒྱུན་གྱི་ལྷ་སའི་ཞིམ་ཟས་དང་ལྷ་སའི་ཞིམ་ཟས་གསར་པ་ཁག་གཉིས་ཡོད། སྲོལ་རྒྱུན་གྱི་ཞིམ་ཟས་བཟོ་བའི་ལྷུ་ཚིགས་སུ་བདམས་ཐོན་པ་ཚོས་ཁྲག་རྒྱུ་དང་། གཡག་ལྕེ་བཙོས་མ། ཤ་མོག་སོགས་ལྷ་སའི་སྲོལ་རྒྱུན་ཟ་མ་ཡག་ཤོས་བསྐྱར་དུ་མངོན་པ་དང་། ཞིམ་ཟས་གསར་པ་བཟོ་བའི་ལྷུ་ཚིགས་སུ་བདམས་ཐོན་པ་ཚོས་བོད་རང་གི་ཟས་རྒྱུ་སྤྱད་ནས་དེང་རབས་ཀྱི་གཡོས་སྦྱོར་འདུ་ཤེས་དང་ལག་རྩལ་མཉམ་འདྲེས་བྱས་ཐོག་ཐུན་མིན་གྱི་ཟས་སྣ་གསར་པ་བཟོས་ཏེ་ལྷ་སའི་ཞིམ་ཟས་ལ་གསོན་ཤུགས་དང་ངོ་མཚར་བསྣན་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། འགྲན་ཞུགས་བདམས་ཐོན་པ(ཚོགས་པ)ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་ལག་རྩལ་རྩེ་གྲ་ངོམས་ནས་རོ་བཅུད་ལྡན་པའི་ཞིམ་ཟས་ལས་དྲི་ཞིམ་ཕྱོགས་བཞིར་འཐུལ་བར་བྱས་པས། གྲོང་མི་དང་ཡུལ་སྐོར་བ་མང་པོ་བྲོ་བ་མྱོང་བར་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།
འགྲན་ཞུགས་བདམས་ཐོན་པ་བྱམས་པས“ད་རེས་ཀྱི་ཞིམ་ཟས་འགྲན་བསྡུར་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོར་ཕན་ཚུན་དབར་སྤེལ་རེས་དང་། སློབ་སྦྱོང་། འགྲེམས་སྟོན། མཐོར་འདེགས་བཅས་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་བྱུང་། ལྷ་སའི་ཞིམ་ཟས་ལ་མི་དེ་བས་མང་བས་དགའ་པོ་བྱེད་པའི་རེ་བ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།